ཞི་ཅིན་ཕིང་ཕི་རི་ཐོ་རི་ཡ་རུ་ཐོན་ནས་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
2018.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 685

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་ཕི་རི་ཐོ་རི་ཡུ་ཐོན་ནས་ཨ་ཧྥེ་རི་ཁ་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ལ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་ཞི་སུའུ་ལུའུ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོས་བསུ་མ་ཐོབ།

ས་དེའི་དུས་ཚོད་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཕོ་རི་ཐོ་རི་ཡ་བཱོ་ཐི་ཁུ་ལུའུ་ཧྥུའུ་དམག་སྤྱོད་གནམ་གྲུ་ཐང་དུ་འབྱོར་བ་དང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ལ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་ཞི་སུའུ་ལུའུ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོས་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཉི་ཤུའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་སོང་བ་དང་། གྲོགས་པོའི་འབྲེལ་བ་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ། དེ་ནས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཆོང་བརྒལ་མངོན་འགྱུར་བྱས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གྱུར་བ་དང་། དངོས་གཉེར་མཉམ་ལས་བརྟན་བརླིང་ངང་སྤེལ་ལ། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་དང་། འཐབ་ཇུས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ། ངས་ཐེངས་འདིའི་འཚམས་འདྲི་སྐབས་སུ། ཙུང་ཐུང་མཱ་ལཱ་ཧྥུའུ་བར་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ནས། མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བ་ཆུ་ཚད་སྔར་ལས་གསར་བར་བསླེབ་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་འགྱངས་པར་ཡུའེ་ཧན་ནེ་སི་པའོ་ནས་གྲོས་མོལ་བསྡུ་རྒྱུ་ཡིན་པ་དང་། ངས་གསེར་གྱོམ་རྒྱལ་ཁབ་གཞན་པ་དང་ཨ་ཧྥེ་རི་ཁ། གསར་དར་ཚོང་ར་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་དང་མཉམ་དུ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་སྒུག་བྱས་ཡོད་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅིའེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་མཉམ་དུ་གནམ་གྲུ་ཐང་དུ་འབྱོར།

ཀྲུང་གོའི་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་གཞུང་ཚབ་ཆེན་མོ་ལིན་སུང་ཐེན་ཡང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

ཨ་ཧྥེ་རི་ཁ་ལྷོ་མ་རུ་འཚམས་འདྲི་མཛད་སྐབས། ཞི་ཅིན་ཕིང་ད་དུང་ཡུའེ་ཧན་ནེ་སི་པའོ་རུ་ཕེབས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་བར་ཞུགས་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁའི་འཚམས་འདྲི་མཇུག་རྫོགས་རྗེས། ཞི་ཅིན་ཕིང་མོ་རི་ཐིའུ་སི་རུ་ཕེབས་ནས་མཛའ་བརྩེའི་འཚམས་འདྲི་མཛད་རྒྱུ་རེད།