ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས།
2018.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་སྔ་གཞུག་ཏུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡོད་སར་སོང་ནས། ལས་ཁུངས་དེ་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ་འོས་འགན་ལྕི་ཤོས་ཀྱང་སྐྱེ་ཁམས་ཡིན་པར་མ་ཟད། སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་ཉར་ནས། ནན་ཏན་སྒོས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་ལས་གཞན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་ལ་བསྟར་བར་སྟོབས་ཤུགས་ཅི་ཡོད་གཅིག་བསྡུས་བྱས་ནས། སྟག་གི་རྔ་མར་མི་འཇུ། འཇུས་གི་ནངས་མོ་མི་གཏོང་ཞེས་པའི་གཏམ་དཔེ་ཡི་སྙིང་སྟོབས་ཡིད་ལ་བཅངས་ནས། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་པར་འབད་དགོས་ཟེར།

ལིག་ཉིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ནས། ཡུལ་དངོས་ན་ཡོད་པའི་རྨ་ཆུའི་འགོ་ཁུངས་དང་རྫ་ཆུའི་འགོ་ཁུངས་ཀྱི་ལས་བྱེད་མང་ཚོགས་དང་། སྐྱེ་ཁམས་དོ་དམ་པ་བཅས་ལ་འབྲེལ་གཏུག་བྱས་ཏེ། ཁ་ཐག་ཉེ་བའི་སྒོ་ནས་གླེང་མོལ་བྱས། དེ་མིན་ད་དུང་ལིག་ཉིང་གིས་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ཚོགས་ཞུགས་པ་ཡོངས་དང་ལྷན་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་བསམ་བློར་བསྐྱར་སྦྱོང་བྱས་ཏེ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ནང་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་ཉར་ནས་དཀའ་བ་ཆེན་པོས་མདུན་སྐྱོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད། གྲུབ་འབྲས་འདི་དག་ཐམས་ཅད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་ལའང་ཐད་ཀར་འབྲེལ་བ་ཡོད་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཡོངས་ཀྱི་ཐུན་མོང་དགའ་འབོད་དང་འཚོལ་སྙེག་ཡིན། དུས་རབས་གསར་བར་ཞུགས་པ་ནས་བཟུང་། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ཁྲིད་སྟོན་དུ་འཛིན་པ་དང་ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ། ནན་ཏན་སྒོས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འོས་འགན་ཕྲག་སྟེང་དུ་ལེན་དགོས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཀྱིས་བཏོན་པའི་འབྲེལ་བ་བརྒྱད་ཀྱི་བླང་བྱ་ལྟར་དུ། བློ་ཐག་རྦད་ཆོད་སྒོས་འབག་བཙོག་འགོག་བཅོས་གྱི་མཁྲེགས་གཏོར་ལས་དོན་བཟང་བོར་གཉེར་ནས། རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ལ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱས་མཐར། རྒྱལ་ཁབ་སྐྱེ་ཁམས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས་ཟེར།

ལིག་ཉིང་གིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་བཞུགས་མོལ་བྱེད་སྐབས། ནན་ཏན་སྒོས་འབྲེལ་ཡོད་དབུལ་སྐྱོར་བྱ་བའི་སྙན་ཞུར་ཉན་རྗེས་བཤད་རྒྱུར། གནད་ཕིགས་དབུལ་སྐྱོར་གྱི་མཁྲེགས་གཏོར་དམག་འཐབ་ལེགས་པོ་རྒྱག་རྒྱུ་ནི། དུས་བཅད་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་ལ་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་མཐོང་ཆེན་བླ་ལྷག་གནང་ནས། རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་འདུས་སྡོད་ས་ཁུལ་བཅུ་བཞིར་ཞབས་སོར་བཀོད་དེ། ཐེངས་དུ་མར་ཆེད་དོན་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་བཀོད་སྒྲིག་གནང་མཐར། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་གཞི་རྩའི་ཆོས་ཉིད་འདོན་སྤྲོད་གནང་། ཉེ་ལམ་བསྡུས་མ་ཐག་པའི་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཀྱང་ཕྱོགས་བརྒྱད་ཀྱི་ཐད་ནས་བླང་བྱ་ཞིབ་ཕྲ་བཏོན་ཟེར།

ལིག་ཉིང་གིས་བླང་བྱ་བཏོན་ནས་བཤད་རྒྱུར། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འཕྲད་ངེས་པའི་དཀའ་ངལ་དང་འགྲན་རྩོད་ལ་ངོས་ཟིན་ཐོབ་པར་བྱས་ཏེ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་སྐྱོར་གྱི་གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། དབུལ་ཕོངས་ཆེ་བའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ཀྱི་ཕྱོགས་སུ་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། སྲིད་ཇུས་ཀྱི་བྱེད་ཐབས་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་དུ་བསྒྱུར་ནས། དབུལ་ཐར་མཁྲེགས་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་འཛུགས་སྐྲུན་མངོན་དུ་འགྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་རྟོག་ཞིབ་བྱེད་རོགས་བྱས།