ཝང་ཡུས་པའོ་ཡིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་མཁྲེགས་གཏོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2018.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་མཁྲེགས་གཏོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་དམིགས་ནས་སློབ་གསོ་མཁོ་སྤྲོད་ལེགས་བསྒྱུར་བྱེད་པ། མིའི་ཐད་དངུལ་གཏོང་བར་རྐང་བཙུགས་ནས་སློབ་གསོའི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱུར་དུ་ཁྱབ་གདལ་དུ་གཏོང་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ནི་རྒྱལ་དམངས་སློབ་གསོ་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ལ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཡིན་པས། ཆབ་སྲིད་གླེང་བ་དང་དམངས་ཚིས་ལ་ཕན་འདོགས་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་མཐོ་ཚད་ནས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ལ་མཐོང་ཆེན་བྱེད་པ་དང་། ཡུན་རིང་ཟུང་འབྲེལ་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། གཅིག་བསྡུས་སྒོས་འགག་སྒོ་གཏོར་བ། དམིགས་འབེན་འདུ་ཤེས་དང་གནད་དོན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། 2020ལོར་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་ཡན་གྱི་དམིགས་འབེན་དུ་བསླེབ་པར་ཁག་ཐེག་བྱེད་པ་དང་། ལོ་ན་རན་པའི་ན་གཞོན་པ་ལོ་ཆུང་གིས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་དང་ལེན་བྱེད་པའི་དགོས་མཁོ་སྐོང་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན། སློབ་གསོ་ནི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པའི་རྨང་གཞི་དང་འགན་སྲུང་། གནད་འགག་ཡིན་པས། མིའི་ཐད་དངུལ་གཏོང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སློབ་གསོ་བསྒྲུབ་པའི་ཐད་དངུལ་གཏོང་ཕོད་པ་དང་སྟོབས་ཤུགས་བཏོན་ནས། མཐོ་འབྲིང་དུས་རིམ་གྱི་ཁྱབ་གདལ་མཁྲེགས་གཏོར་འཆར་གཞི་ལག་བསྟར་བྱེད་པ་དང་། སྤྱིར་བཏང་གི་སློབ་གསོ་དང་ལས་རིགས་སློབ་གསོ་གཉིས་ལ་མཉམ་དུ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་ཞན་ཆ་ཁ་གསབ་བྱེད་པ། སྔོན་དུ་ཡོད་མེད་ཀྱི་གནད་དོན་ཐག་གཅོད་པ། བཟང་ངན་གྱི་གནད་དོན་མྱུར་དུ་ཐག་གཅོད་དགོས། ཐོན་ཁུངས་ཀྱི་མཁོ་སྤྲོད་རྒྱ་སྐྱེད་པ་དང་། མི་སྐྱོང་དཔུང་སྡེ་སྟོབས་ལྡན་དུ་བསྒྱུར་བ། མི་སྐྱོང་རྣམ་པར་བཅོས་བསྒྱུར་གཏིང་ཟབ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁ་གཏད་རོགས་སྐྱོར་གཏིང་ཟབ་བྱེད་པ། ཞིང་ཆེན་ཕྱི་ནས་འཛིན་གྲྭ་བསྒྲུབ་པར་རྒྱབ་སྐྱོར་བྱད་པ། གྲོན་དངུལ་གཏོང་བར་འགན་སྲུང་བྱེད་པ། དྲིལ་སྒྲོག་དང་སྣེ་ཁྲིད་ལ་ཤུགས་བསྣན་ནས། མཁྲེགས་གཏོར་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།