ཕྱི་འབྲེལ་པུའུ་ཡིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་བོས་ནས་ཨ་མེ་རི་ཁས་ཀྲུང་གོའི་དམག་ཕྱོགས་ལས་ཁུངས་དང་དེའི་འགན་ཁུར་པར་བཀག་སྡོམ་བྱས་པར་རྒོལ་གཏམ་ནན་མོ་བཏང་།
2018.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲིན་ཙིག་ཀོང་གིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏི་བོས་ཏེ། ཨ་མེ་རི་ཁས་ཨ་མེ་རི་ཁའི་རྒྱལ་ནང་བཅའ་ཁྲིམས་ཀྱི་ཁུངས་ལུང་དྲངས་ནས། ཀྲུང་གོའི་ཀྲུང་དབྱང་དམག་ཨུའི་སྒྲིག་ཆས་འཕེལ་རྒྱས་པུའུ་དང་དེའི་འགན་ཁུར་པར་བཀག་སྡོམ་བྱས་པར་ཚ་འདྲི་ནན་མོ་བྱས་པ་དང་རྒོལ་གཏམ་བཏང་།

ཀྲིན་ཙིག་ཀོང་གིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོས་ཨུ་རུ་སི་ལ་འབྲེལ་ཡོད་དམག་དོན་མཉམ་ལས་བྱས་པ་རྒྱུ་མཚན་དུ་བཟུང་ནས། ཀྲུང་གོའི་དམག་ཕྱོགས་ལས་ཁུངས་དང་དེའི་འགན་ཁུར་པར་བཀག་སྡོམ་བྱས་པ་ནི། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རིང་དུ་འགལ་ཡོད་པ་དང་། ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་ལ། བཙན་དབང་རིང་ལུགས་ཀྱི་བྱ་སྤྱོད་དམར་རྗེན་དུ་མཚོན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་དམག་དོན་མཉམ་ལས་ནི་བདག་དབང་རྒྱལ་ཁབ་གཉིས་བར་གྱི་རྒྱུན་ལྡན་གྱི་མཉམ་ལས་ཡིན་པས། ཨ་མེ་རི་ཁར་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཨ་མེ་རི་ཁའི་བྱ་སྤྱོད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཐད་ཀྱི་མཉམ་ལས་ལ་གནོད་པ་ཚབས་ཆེན་བསྐྱལ་ཡོད། ཀྲུང་གོས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོས་ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་དུ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། བཀག་སྡོམ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་དྲག་པོ་བཏང་བ་ཡིན། དེ་མིན་ཚེ་ཨ་མེ་རི་ཁས་ངེས་པར་དུ་དོན་དག་དེ་ལས་བྱུང་བའི་མཇུག་འབྲས་ལ་ཡོངས་སུ་འགན་འཁུར་དགོས་ཟེར།