ཀྲུང་གོ་རིག་མཛོད་འཐུས་ཚབ་ཚོགས་པས་ཡོ་རོབ་གླིང་གི་རྒྱལ་ཁབ་གང་མང་ལ་འཚམས་འདྲི་བྱས།
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། ཀྲུང་གོ་རིག་མཛོད་འཐུས་ཚབ་ཚོགས་པས་ཡོ་རོབ་གླིང་གི་རྒྱལ་ཁབ་གང་མང་ལ་འཚམས་འདྲི་བྱས་ཏེ། པུ་རུ་སེར་དང་རི་ནེ་ཝ། པའོ་ལིན། ཡོ་རོབ་གླིང་རིག་མཛོད་བཅས་ཀྱི་ཆེད་མཁས་པ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་ཕྱོགས་མང་ཉོ་ཚོང་མ་ལག་གི་མདུན་ལྗོངས་སོགས་ཀྱི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་དང་གྲོས་བསྡུར་བྱས།

པི་ལི་ཧྲི་ཡི་པུ་རུ་སེར་ནས་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འགྲན་རྩོད་དང་མདུན་ལྗོངས་ཅེས་པའི་བགྲོ་གླེང་ཚོགས་འདུའི་སྟེང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་གྲུབ་འབྲས་རབ་དང་རིམ་པ་ལས་ཉོ་ཚོང་བྱེད་པ་དེ་རྩོད་གཞི་ཐག་གཅོད་པའི་གདམ་གསེས་ཁོ་ན་མ་ཡིན་པར་བརྗེ་རེས་འབྲེལ་འདྲིས་དང་གྲོས་མོལ་མཉམ་ལས་ཀྱིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་གི་རིག་གཞུང་ལས་རིགས་དང་ཆབ་སྲིད་ལས་རིགས། ཚོང་དོན་ལས་རིགས་ཀྱི་འཐུས་མི་བརྒྱ་ཙམ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གིས་གྲོས་མོལ་ལ་ཤུགས་སྣོན་ཞིང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་ཡོངས་ཀྱི་ཕྱོགས་མང་ཉོ་ཚོང་མ་ལག་མཉམ་སྲུང་བྱེད་དགོས་པའི་རེ་འབོད་བཏོན།

སུའེ་ཙེར་གྱི་རི་ནེ་ཝ་ནས་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་ཕྱོགས་མང་ཉོ་ཚོང་མ་ལག་གི་མདུན་ལྗོངས་ཅེས་པའི་བགྲོ་གླེང་ཚོགས་འདུའི་སྟེང་། ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། ཀྲུང་གོས་ཕྱོགས་གཅིག་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། དངུལ་གཏོང་དང་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས་སྔར་ལས་སྒོ་འབྱེད་དང་དོ་མཉམ། བཟོད་སྒོམ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་འཛུགས་དགོས་ཟེར།

འཇར་མན་གྱི་པའོ་ལིན་ནས་བསྡུས་པའི་ཀྲུང་གོ་དང་འཇར་མན་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་མ་འོངས་པར་ཤུགས་རྐྱེན་ཐེབས་པའི་བགྲོ་གླེང་ཚོགས་འདུའི་སྟེང་འཇར་མན་དཔལ་འབྱོར་རིག་པའི་མཁས་པས་བཤད་རྒྱུར། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཐུན་མོང་གི་ཁེ་ཕན་དང་མཐུན་པར་མ་ཟད་མཉམ་ལས་ཀྱི་གྲོས་གཞི་གཙོ་བོ་ཡིན་ཟེར།