མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བསམ་པའི་དབུལ་སྐྱོར་ཚོད་ལྟའི་བྱ་བའི་ཡར་ཞུ་ཚོགས་འདུ་བསྡུས།
2018.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དབུལ་སྐྱོར་ཚོད་ལྟའི་བྱ་བའི་ཡར་ཞུ་ཚོགས་འདུའི་སྟེང་ཞུགས་ཏེ། ཡར་ཞུ་ལ་ཉན་པ་ལས་གཞན། གནད་དོན་ལ་དབྱེ་ཞིབ་དང་བྱ་བར་བཀོད་སྒྲིག་བྱས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚོད་ལྟའི་ས་གནས་སོ་སོ་དང་འགན་སྒྲུབ་ལས་ཁུངས་རྣམས་ཀྱིས་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་གནས་ཐིག་ཇེ་མཐོར་བཏང་ནས། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ཤུགས་ཆེན་པོས་བསམ་པའི་ཁྱབ་ཁོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་བཀག་འགོག་བྱེད་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་བསམ་པ་དང་ལག་ལེན་ལ་སྐུལ་སློང་བྱེད་དགོས་པར་མ་ཟད། བསམ་པའི་དབུལ་ཐར་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། རང་བདག་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས་པ་དང་། མཛུབ་སྟོན་དང་ལྟ་སྐུལ་སྣེ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དཀའ་གནད་ཐག་གཅོད་པར་རྗེས་འདེད་བྱས་ནས། ཕན་འབྲས་ལྡན་ཞིང་གོ་རིམ་ལྡན་པའི་ངང་ནས་ཚོད་ལྟའི་བྱ་བ་སྤེལ་དགོས། གནད་ཕིགས་སྲིད་ཇུས་ལ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། མང་ཚོགས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་དང་བདེ་ཐང་དབུལ་སྐྱོར་སོགས་དཀྱིལ་སྙིང་དུ་བཟུང་ནས། ཞིང་ཆེན་ཡོངས་ལ་ཕན་པའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ལམ་བུ་ཞིག་འཚོལ་དགོས་ཟེར།