ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་མཇལ་འཕྲད་གནང་།
2018.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འབུམ་རམས་པ་ཅི་ཞིན་ཀི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ།  ཀྲུང་གོ་དང་ཨ་མེ་རི་ཁའི་འཕེལ་རྒྱས་འབྲེལ་བ་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད་པས་ང་ཚོས་བརྗེད་མི་སྲིད།  ལོ་ངོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འགལ་རྐྱེན་རབ་དང་རིམ་པ་ཞིག་བྱུང་ནའང་སྤྱི་ཕྱོགས་ནས་བརྟན་འཇགས་ཀྱི་རྣམ་པ་སྲུང་འཛིན་བྱས་ཡོད།  དེང་སྐབས་འཛམ་གླིང་ཧྲིལ་བོ་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་ཞིག་གི་མདུན་དུ་ལྷགས་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མུ་མཐུད་དུ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་ངང་བསྐྱོད་པར་རེ་སྒུག་བྱས་ཡོད།  བདག་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་མཇལ་འཕྲད་གནང་རྒྱུར་དུས་བཅད་བྱས་ཡོད་པས།  སྐབས་དེར་ཕྱོགས་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཆོག

ཞི་ཅིན་ཕིང་གིས་བསྟན་དོན།   ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་འཐབ་ཇུས་བསམ་ཕྱོགས་ལ་ཡང་དག་པའི་བརྡར་གཅོད་བྱ་དགོས། དུས་ཡུན་ཞིག་གི་རིང་ལ།  ཨ་མེ་རི་ཁའི་རྒྱལ་ནང་དུ་ཀྲུང་གོར་ལྟ་ལྟངས་མི་ལེགས་པའི་གནས་ཚུལ་འདུག་པས་དེ་ལ་དོ་སྣང་བྱ་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ནས་སྔར་བཞིན་འཕེལ་རྒྱས་ལ་འགལ་རྐྱེན་མི་གཏོང་བ་དང་ཕན་ཚུན་འགལ་ཟླར་མི་ལངས་པ། ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧུར་བརྩོན་བྱེད་བཞིན་ཡོད་པ་དང་། རེ་བ་ནི་ཨ་མེ་རི་ཁས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ཕན་ཚུན་ལ་བཟོད་སྒོམ་བྱེད་པའི་སྤོབས་པ་བསྐྱེད་དགོས་ལ། མཛའ་མཐུན་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བའི་ཁྲོད་བྱུང་བའི་གནད་དོན་ཐག་གཅོད་བཟང་པོ་བྱ་དགོས།  དུས་མཚུངས་སུ།  ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་གྱི་དབང་ཆ་དང་འོས་མཐུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱ་དགོས་པ་དང་། ཀྲུང་གོ་དང་དཔུང་བ་མཉམ་གཤིབ་ཀྱིས་ཐུན་མོང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་འབྲེལ་བ་ལ་སྲུང་སྐྱོབ་བྱ་དགོས།

ཅི་ཞིན་ཀི་ཡིས་བསྟན་དོན།   ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དུས་སྐབས་གསར་བར་སྐྱོད་པའི་གནད་འགག་གི་སྐབས་སུ་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་འོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཕྲད་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།  འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གི་ཁྲོད་དུ་བདག་གིས་ཀྲུང་གོར་འཚམས་འདྲི་གང་མང་བྱས་མྱོང་བ་དང་ཀྲུང་གོའི་འཕེལ་རྒྱས་མིག་མཐོང་ལག་ཟིན་ཡིན། དེང་སྐབས་ཀྱི་གནས་བབ་འོག  ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནི་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་ཆ་མཚོན་ན་ཤིན་ཏུ་གལ་ཆེན་པོ་ཡིན། ལས་དོན་དེའི་ཐད་ཀྲུང་གོས་འབད་བརྩོན་ལྷོད་མེད་བྱས་པར་བདག་གིས་ཚད་མཐོན་པོས་གདེང་འཇོག་བྱེད་ཀྱིན་ཡོད།   ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཐབ་ཇུས་བསམ་ཕྱོགས་དང་མིག་རྒྱང་རིང་བོ་ལྡན་དགོས་པ་དང་ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ལ་རྒྱུས་ལོན་དང་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། རྒྱུན་ཆད་མེད་པར་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་དེ་འགལ་བ་སྣ་ཚོགས་འོས་འཚམ་གྱིས་ཐག་གཅོད་བྱ་དགོས་པ་དང་འཛམ་གླིང་ཡོངས་ལ་ཨ་མེ་རི་ཁ་དང་ཀྲུང་གོའི་ཐུན་མོང་གི་ཁེ་ཕན་འགལ་བ་ལས་རྒྱ་ཆེ་བ་མཚོན་དགོས།  རེ་བ་ནི་ཙུང་ཐུང་ཐི་ལིང་ཕུའུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་མི་འགྱང་བར་ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་ཀྱི་མཇལ་འཕྲད་བདེ་བླག་ངང་སྤེལ་རྒྱུ་དེ་ཡིན།

ཝང་དབྱི་གྲོས་ཚོགས་སུ་ཞུགས།