མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2018.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཐེངས་འདིའི་སློབ་སྦྱོང་ཚོགས་འདུར་ཞུགས། ཀྲུང་གོའི་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་གླིང་གི་གླིང་གཙོ་དབྱང་པའོ་ཅུན་གྱིས། རྒྱུད་གཅིག་ལམ་གཅིག་དང་མཚོ་སྔོན་གྱི་འཕེལ་རྒྱས་འཐབ་ཇུས་བསམ་གཞིགས་ཅེས་པ་བརྗོད་གཞིར་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བསྟན་དོན། སྙན་ཞུའི་གོ་རིམ་གསལ་ཞིང་འཆད་ཁྲིད་བྱས་པ་གཏིང་ཟབ་པར་མ་ཟད། ཟུར་ཁྲིད་སྙན་ཞུ་ལ་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན། སྦྱོར་དངོས་རང་བཞིན་དྲག་པོ་ལྡན། དེ་མིན་ད་དུང་སྙན་ཞུས་མིག་རྒྱ་དང་བསམ་རྒྱ་ཆེར་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པར་གོ་བ་མ་ནོར་བ་ལེན་པ་དང་སློབ་སྦྱོང་མཐར་ཕྱིན་བྱེད་པ། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་དང་མཁར་གྲོང་ཅན་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་ཡང་དག་འདྲོངས་པར་བྱེད་པ་ལ་དོན་སྙིང་གལ་ཆེན་ལྡན། དེ་མིན་ད་དུང་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་སྤྱི་ཁོག་འཕེལ་སྟངས་ལ་གོ་བ་ཡང་དག་འདྲོངས་པར་བྱེད་པ། མཁར་གྲོང་ཅན་སྔར་ལས་བཟང་བོར་བསྒྲུབ་པ། སྤུས་ཚད་མཐོན་པོའི་སྒོ་ནས་མཁར་གྲོང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བློ་འབྱེད་ཀྱི་ནུས་པ་གལ་ཆེན་ལྡན་ཟེར།

ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་དུ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཤིང་། འཛམ་གླིང་གི་མིག་རྒྱ་བཅངས་ནས་གནད་དོན་ལ་ལྟ་བ་དང་། འཐབ་ཇུས་ཀྱི་བསམ་ཕྱོགས་བཀོལ་ནས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། ལོ་ངོ་ལྔའི་རིང་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་རྣམ་པ་གྲུབ་པའི་ཉམས་མྱོང་དང་བྱེད་ཐབས་ཚང་མ་བཀོལ་སྤྱོད་ནན་མོ་དང་སློབ་སྦྱོང་ལེགས་པོ་བྱ་དགོས།  དུས་རབས་ཀྱི་གོམ་སྟབས་སྙེག་པ་དང་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དམ་པོར་འཛིན་པ། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་དང་རྒྱལ་ཁབ་ས་ཁོངས་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱས་ཏེ། ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པར་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཅན་གྱི་མ་ལག་འཛུགས་སྐྲུན་ལ་འཆར་འགོད་ལེགས་པོ་བྱེད་དགོས། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་གྱི་རིམ་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་བ་བརྒྱུད། ཁྱོན་ཡོངས་ནས་མཚོ་སྔོན་གྱི་བྱེད་ཕྱོགས་གསར་བ་མངོན་པར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཏང་ཨུའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཟུར་ལྟའི་དཔྱད་གཞི་དཔར་ནས་བཀྲམ།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། ཟི་ལིང་ན་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།