ཡན་ཅིན་ཧེ་ཅང་སུའུ་དང་མཚོ་སྔོན་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུར་ཞུགས།
2018.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ11པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཅང་སུའུ་དང་མཚོ་སྔོན་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱ་བའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། ཅང་སུའུ་དང་མཚོ་སྔོན་གྱི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་སྦྲེལ་མཐུད་བྱ་བ་གཏིང་ཟབ་ཏུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། མཉམ་དུ་འབྱོར་ཕྱུག་ལྡན་པར་བྱེད་པའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཀྱང་ཡིན་པས། འབྲེལ་ཡོད་ཀྱི་ས་ཁུལ་དང་སྡེ་ཁག་གིས་དབུལ་སྐྱོར་རོགས་རེས་ཀྱི་དྲིན་ཚོར་བ་དང་དབུལ་སྐྱོར་རོགས་རེས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ། དབུལ་སྐྱོར་རོགས་རེས་ཀྱི་ནུས་ཤུགས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ངོས་འཛིན་ཐད་ཡང་བསྐྱར་ཤུགས་སྣོན་པ་དང་རོགས་ལས་ཡང་བསྐྱར་གཏིང་ཟབ་ཏུ་གཏོང་བ། སྐུལ་འདེད་སྟེང་ཡང་བསྐྱར་ཤུགས་སྣོན་དགོས་ཤིང་། མཚོ་སྔོན་ལ་མཁོ་བ་དང་ཅང་སུའུ་ཡིས་རོགས་བྱེད་ཐུབ་པར་ཟུང་སྦྲེལ་བྱེད་པ་དང་། བྱ་བ་ཞིབ་ཕྲ་ཅན་དང་མཚམས་ཚིགས་ཅན། ཞིབ་ཐོ་ཅན་དུ་བསྒྲུབ་པ། མི་འདང་སར་ཁ་གསབ་བྱེད་པ་དང་ཉམས་ཞན་སར་ཤུགས་སྣོན་བྱེད་པ། གཏིང་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་རོགས་ལས་ཐད་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་། ཞིང་ཆེན་དབུལ་སྐྱོར་ཅུའུ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྲིང་གཞུང་། ཅང་སུའུ་ཞིང་ཆེན་ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བྱ་བའི་རུ་ཁག་བཅས་ཀྱིས་སོ་སོར་ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་མཚམས་སྦྱོར་བྱས།