ཝང་ཡུས་པའོ་ཡིས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་རུ་རྟོག་ཞིབ་བྱས།
2019.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ2པའི་ཚེས11ཉིན་ཏེ་ལོ་སར་གུང་སེང་གི་ཆེས་མཐའ་མཇུག་གི་ཉིན་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་རུ་སོང་ནས་རྟོག་ཞིབ་བྱས་པ་དང་། སྨན་བཅོས་འགན་སྲུང་ཅུའུ་གསར་དུ་བཙུགས་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། སྒྲིག་སྲོལ་གསར་བ་དང་གོ་རིམ་གསར་བ་མགྱོགས་མྱུར་སྒོས་ལེགས་སྒྱུར་བྱེད་པ། རྣམ་པ་གསར་བ་དང་བྱ་སྤྱོད་གསར་བ་མཚོན་གང་ཐུབ་བྱེད་པ། སྨན་བཅོས་འགན་སྲུང་ཐེབས་རྩ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་སྨན་གསུམ་མཉམ་འགུལ་མུ་མཐུད་དུ་ཟབ་སྒྱུར་བྱས་ཏེ། སྨན་བཅོས་བཅོས་སྒྱུར་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་བཟང་བོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་འདོགས་དགོས་པ་ནན་གྱིས་བསྟན།

ཝང་ཡུས་པའོ་ཡིས་ཞིང་ཆེན་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཚོམས་ཆེན་གྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་བྱས་ཤིང་བྱ་བར་ཞིབ་འཇུག་བྱས།  ཁོས་བསྟན་དོན། སྨན་བཅོས་འགན་སྲུང་ཅུའུ་གསར་དུ་བཙུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཡིན་ལ། སྨན་བཅོས་འགན་སྲུང་བྱ་བ་ནི་དམངས་ཚིས་བྱ་བ་གལ་ཆེན་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ་དང་ལས་ཁུངས་བཅོས་སྒྱུར་ཁེ་འབབ་ཇེ་མང་དུ་གཏོང་བ། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ནས།  ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དེ་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་བཅོས་སྒྱུར་རྗེས་ཀྱི་དཔེ་སྟོན་ལས་ཁུངས་སུ་འཛུགས་སྐྲུན་བྱེད་པ་དང་། སྨན་བཅོས་བཅོས་སྒྱུར་བྱ་བའི་སྣེ་ཁྲིད་མཁན་ཡག་པོ་ཞིག་ཏུ་འགྱུར་བར་བྱས་ཏེ་དམངས་འབྲེལ་ལས་ཁུངས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན། གཞི་རྩར་འགན་སྲུང་བྱེད་པར་དམིགས་ཏེ་ལམ་ལུགས་ཇུས་འགོད་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་མྱུར་སྐྱོབ་སྲོག་སྐྱོབ་ཀྱི་སྨན་རྫས་བཟང་བོ་སྨན་བཅོས་འགན་སྲུང་ཁྲོད་བཞག་སྟེ། སྨན་བཅོས་འགན་སྲུང་སྲིད་ཇུས་སྔར་ལས་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་དགོས། ཐེབས་རྩའི་བདེ་འཇགས་ལ་དམིགས་ཏེ་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཁྲལ་བྱོལ་ཁྲལ་སྐུང་དང་གཏོང་སྒོ་རྫུན་བཟོའི་རྣམ་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྨན་གསུམ་མཉམ་འགུལ་ལ་དམིགས་ཏེ་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩའི་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྨན་རིན་ཚད་ལས་བརྒལ་བར་མཐོ་བའི་གནས་ཚུལ་ལ་དམིགས་ཏེ་སྨན་རྫས་གཅིག་བསྡུས་ཀྱིས་ཉོ་བའི་བཀོལ་སྤྱོད་བྱ་བ་ཟབ་སྤེལ་བྱེད་དགོས། རྨང་གཞི་ཇེ་བརྟན་དུ་གཏོང་བར་དམིགས་ཏེ་ལས་ཁུངས་དང་དཔུང་སྡེ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། འགན་འཁྲི་གསར་བར་དམིགས་ཏེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་བསྟར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བློ་དཀར་དང་སྤྱོད་གཙང་། འགན་ཁུར་ཕོད་པའི་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།