མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
2019.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་པའི་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། བསམ་བློ་བཅིངས་འགྲོལ་བྱེད་པར་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གར་སྟེགས་ཆེན་པོ་འཛུགས་སྐྲུན་བྱེད་དགོས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་བཟང་པོ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་སྒྲོག་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་བརྗོད་སྙིང་དུ་བྱེད་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ། མང་ཚོགས་ལ་དྲིལ་སྒྲོག་དང་རྩ་འཛུགས། སྣེ་ཁྲིད་བཟང་བོ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། དྲིལ་སྒྲོག་ཆེན་མོའི་རྣམ་པ་གྲུབ་པར་བྱེད་པ་དང་། སློབ་སྦྱོང་ཆེན་མོའི་བྱ་འགུལ་སྤེལ་བ། མཉམ་བསྲེས་ཆེན་མོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དྲིལ་སྒྲོག་གི་སྐྱེ་ཁམས་བཟང་བོ་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། བབ་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། རླབས་ཆེན་གྱི་བཟོ་སྐྲུན་ལ་དམིགས་ནས་རྨང་གཞི་བརྟན་པོ་འདིང་དགོས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། བསམ་བློའི་རྒྱབ་རྟེན་བརྟན་པོ་བཙུགས་ནས། ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་རྩ་འཛུགས་དང་ལས་བྱེད་པ། ཤེས་ལྡན་མི་སྣའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒན་པ་ལྔའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ་དང་། མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་དང་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་རྒྱུ་དེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་རྒྱུན་འཛིན་པ་ཡོད་པར་བྱེད་པ་དང་འབྲེལ་བ་ཡོད་པས། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐོ་རིམ་སློབ་གྲྭ་ནས་ཕྱིར་བུད་དེ་མཐོ་རིམ་སློབ་གྲྭར་བལྟ་བ། མཐོ་རིམ་སློབ་གྲྭ་འཛུགས་སྐྲུན་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ན་གཞོན་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། དཔེ་ཁྲིད་མི་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་པས་སློབ་གྲྭར་བཅོས་སྐྱོང་བྱེད་པ་དང་སློབ་གསོ་བས་སློབ་གྲྭ་སྒྲུབ་ཐུབ་པར་བྱེད་དགོས། མཐོ་རིམ་སློབ་གྲྭའི་ཏང་ཨུའི་འགོ་ཁྲིད་སྲོག་ཤིང་ནུས་པ་དང་ཏང་འཛུགས་གཙོ་གཞི་འགན་འཁྲི་ལ་ཤུགས་སྣོན་པ་དང་། ཆེད་ལས་ཅན་གྱི་བསམ་བློ་ཆབ་སྲིད་དཔུང་སྡེ་འཛུགས་སྐྲུན་བྱས་ནས། དགེ་རྒན་གྱི་མོས་མཐུན་འདུ་ཤེས་དང་སློབ་མའི་ཁོངས་གཏོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བཅོས་སྒྱུར་ཐད་ཀྱི་རེ་བ་མཐའ་གཅིག་ཏུ་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་བྱ་བ་བརྟན་བརླིང་དང་ཤུགས་ཡོད་པའི་སྒོ་ནས་སྤེལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ངོས་འཛིན་གསལ་བོ་དང་བརྟན་པོ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པ་དང་མཚམས་མི་འཇོག་པའི་སྙིང་སྟོབས་ཀྱིས་བཅོས་སྒྱུར་སྤེལ་བ། བཅོས་སྒྱུར་བྱ་བའི་གཙོ་གནད་དངོས་ཡོད་གནད་དོན་ཐག་གཅོད་པ་དང་བྱ་བ་ལག་བསྟར་བྱེད་པའི་སྟེང་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་རྒྱལ་དབང་དངུལ་རྩའི་མ་རྩ་དོ་དམ་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་ལ་གྲོས་འཆམ་བྱུང་བ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།