ཧི་ནན་ཞིང་ཆེན་གྱི་མི་དམངས་ཀྱིས་མཚོ་སྔོན་གྱི་ཡུལ་ཤུལ་སོགས་ས་ཆར་ཁངས་སྐྱོན་བྱུང་བར་སེམས་ཁུར་བྱེད་བཞིན་ཡོད་ལ་ཝང་གོ་ཧྲིན་དང་ཁྲིན་རུན་ཨར་གྱིས་ཧི་ནན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་འཚམས་འདྲིའི་འཕྲིན་ཡིག་བསྐུར།
2019.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་སོགས་ས་ཆར་བསྟུད་མར་ཁངས་ཆེན་པོ་བབས་ནས་ཁངས་སྐྱོན་བྱུང་བར་ཧི་ནན་ཞིང་ཆེན་གྱི་མི་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཁྲིན་རུན་ཨར་གཉིས་ཀྱིས་ཧི་ནན་ཞིང་ཆེན་ཏང་ཨུ་དང་ཧི་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འཚམས་འདྲིའི་འཕྲིན་ཡིག་བསྐུར་པར་མ་ཟད། སྒོར་བྱེ་བ་གཅིག་ཞལ་འདེབས་སུ་ཕུལ་ནས་གནོད་འགོག་རྒུད་སྐྱོབ་བྱ་བར་རོགས་སྐྱོར་བྱས།

འཚམས་འདྲིའི་འཕྲིན་ཡིག་ནང་དུ། ཝང་གོ་ཧྲིན་དང་ཁྲིན་རུན་ཨར་གྱིས་གནོད་འཚེ་ཐེབས་པའི་མང་ཚོགས་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་ཡོད་པ་དང་། ཉེན་སེལ་རྒུད་སྐྱོབ་ཀྱི་གནས་དང་པོ་ན་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་ཡོད།

འཚམས་འདྲིའི་འཕྲིན་ཡིག་ནང་དུ་བཤད་རྒྱུར། ཧི་ནན་དང་མཚོ་སྔོན་བར་དུ་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ལྷག་པར་དུ་མཚོ་སྔོན་གྱི་གློག་ཧི་ནན་དུ་འདྲེན་པའི་བཟོ་སྐྲུན་གྱིས་ས་ཆ་གཉིས་ཀྱི་མི་དམངས་བར་དུ་གློག་འཐེན་པར་མ་ཟད་སེམས་གཅིག་ཏུ་སྦྲེལ་ཡོད། ཧི་ནན་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་གནོད་འཚེའི་གནས་ཚུལ་སེམས་ལ་བཅངས་ཡོད། དེང་སྐབས་གནོད་འཚེ་ཐེབས་སའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་གནོད་འཚེར་ཁ་གཏད་འཇལ་བཞིན་ཡོད་ལ། ཧི་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྒོར་བྱེ་བ་གཅིག་གི་ཞལ་འདེབས་ཕུལ་ནས། གནོད་སེལ་རྒུད་སྐྱོབ་བྱ་བར་རོགས་རམ་བྱེད་རྒྱུའི་ཐག་བཅད་པར་མ་ཟད། དགོས་མཁོར་གཞིགས་ནས་རང་ནུས་ཅི་ལྕོགས་ཀྱིས་གཞན་པའི་རོགས་རམ་བྱ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། སྤྱི་ཚོགས་ཕྱོགས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་ཞུང་གིས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ཁྱད་སེལ་གྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འཚམས་འདྲིའི་འཕྲིན་ཡིག་དེ་འབྱོར་རྗེས། དེ་མ་ཐག་ཧི་ནན་ཞིང་ཆེན་ཏང་ཨུ་དང་ཧི་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲུའུ་ཅི་ཝང་གོ་ཧྲིན། ཧྲིན་ཀྲང་ཁྲིན་རུན་ཨར་བཅས་ཀྱི་འཚམས་འདྲི་དང་མཛའ་བརྩེ་ཟབ་མོ་དེ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་བསྒྲགས་བྱས། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཁྲིན་རུན་ཨར་གཉིས་ལ་བཀའ་དྲིན་ཞུ་བའི་འཕྲིན་ལན་བསྐུར་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས་ཀྱི་རོགས་རམ་ཆེན་པོའི་འོག་ཏུ། མཚོ་སྔོན་གསར་པའི་སྙིང་སྟོབས་དང་ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་སྙིང་སྟོབས་དངོས་སུ་དར་སྤེལ་བྱས་ཏེ། གནོད་སེལ་རྒུད་སྐྱོབ་ཀྱི་འཐབ་འཛིང་འདི་ལས་རྣམ་པར་རྒྱལ་བར་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་གང་མྱུར་ཅི་མགྱོགས་ཀྱིས་སླར་གསོ་བྱ་རྒྱུ་ཡིན་ཞེས་བསྟན།