རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་ཚེས་བཅུ་བཞིའི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་མ་ཡིག་ལ་བཟོ་བཅོས་བྱས་པའི་འབྲེལ་ཡོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན་པར་མ་ཟད། ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་གྱི་བསམ་ཚུལ་བརྡས་གཅོད་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་སོ་སོར་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་དང་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་སྙན་ཞུ་བཅས་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་གསུམ་གྱི་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུང་ཡུན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བྱེད་ཐབས་སྐོར་གྱི་འབྲེལ་ཡོད་བསམ་འཆར་སྙན་ཞུར་ཉན་པར་མ་ཟད་སྙན་ཞུ་དེར་གྲོས་ཞིབ་བྱས། གྲོས་ཚོགས་ནས་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་གྱི་བསམ་ཚུལ་བརྡས་གཅོད་མ་ཡིག་དང་གོང་གསལ་གྱི་གྲོས་ཆོད་འཆར་ཟིན། སྙན་ཞུ་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པར་སྤྲད་ནས་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།