ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2019.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་རྫས་འགྱུར་ལུད་རྫས་དང་ཞིང་སྨན་གྱི་རིགས་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཇེ་མཐོར་གཏོང་བ་དང་། མཛེས་པའི་མཁར་གྲོང་འཛུགས་སྐྲུན་སོགས་ཀྱི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པར་མ་ཟད།  མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བའི་ལོ་ངོ་གསུམ་གྱི་ལག་བསྟར་ཇུས་གཞི་ཞེས་པར་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། རྫས་འགྱུར་ལུད་རྫས་དང་ཞིང་སྨན་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཇེ་མཐོར་གཏོང་བའི་ལག་ལེན་ནི། ལག་བསྟར་ཆེན་པོ་གསུམ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པ། ཞིང་གྲོང་བསྐྱར་དར་ལ་རོགས་འདེགས་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཀྱི་འདུ་ཤེས་འཛིན་པ་དང་ཞིང་ལས་བྱ་བར་ཤུགས་བསྣོན་པ། ཁྲོམ་རའི་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་ཀྱི་ལས་སྒོ་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་ལེགས་པོ་ཡོང་བར་བྱེད་པའི་ལམ་ལུགས་ཇུས་འགོད་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འཐབ་ཇུས་གཏད་ཤུགས་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས། ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་སུ་འཛིན་པ་དང་བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བརྩིས་ནས། རྒྱུ་སྤུས་ཨང་དང་པོ་དང་ཕན་འབྲས་ཁྱད་འཕགས་ལེན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་འཕེལ་རྒྱས་ལ་བརྟེན་ནས་ཤུགས་ཆེན་པོས་མིང་གྲགས་ཐོན་རྫས་གཉེར་བ་དང་ཚོད་གནས་སྔོན་དུ་འགྲོ་བར་བྱེད་པ། ཁག་བགོས་ནས་ལག་བསྟར་བྱེད་པ་བཅས་ལ་འབད་དགོས། ཧུར་བརྩོན་ཆེན་པོས་ཐོན་འབབ་ལེགས་ཤིང་ཕན་འབྲས་མཐོ་བ། ཐོན་རྫས་བདེ་འཇགས་ཡིན་པ། ཐོན་ཁུངས་ལ་གྲོན་ཆུང་བྱེད་པ། ཁོར་ཡུག་དག་གཙང་ཡིན་པ་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལམ་བུ་འཚོལ་ཞིང་བྱས་མཐར། རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་བྱེད་པ་དང་ཞིང་ཕྱུགས་ལས་རིགས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་ཤུགས་བསྣོན་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་ནི་མཁར་གྲོང་ཅན་གྱི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་སྡེ་བསྐྱར་དར་ལས་དོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། སྔར་ཡོད་ཀྱི་ལས་དོན་ལ་དཔྱད་འཇོག་བྱེད་རྒྱུ་དང་ཚད་གཞི་ལེགས་པོ་གཏན་འཁེལ་བྱས་པའི་རྨང་གཞིའི་སྟེང་དུ། གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས། མུ་མཐུད་དུ་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱ་བ་ལག་བསྟར་བྱས་ཏེ། མགྱོགས་མྱུར་ངང་ཞན་ཆ་གསབ་རྒྱུ་དང། སྤྱི་བའི་ཞབས་ཞུའི་ཆུ་ཚད་དང་ཕྱོགས་བསྡུས་དོ་དམ་ནུས་པ་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།