ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2019.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ས་དེའི་དུས་ཚོད་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོ་མ་ནས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཁི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་དུས་ཚོད་ཚེས་ཉེར་གཉིས་ཉིན་རོ་མ་ནས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཁི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་འབད་འཐབ་འོག ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་ནམ་ཡང་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲས་སུ་སྐྱོད་བཞིན་ཡོད་ལ། ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་བརྩེ་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དེ་གཙོ་བོར་ང་ཚོའི་ལོ་རྒྱུས་དང་མངོན་སུམ། མ་འོངས་པའི་ཕྱོགས་གསུམ་ཐད་ཀྱི་སྤྱིའི་ངོ་བོར་འབྲེལ་བ་ཡོད། ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། ཀྲུང་གོ་དང་དབྱི་ཐ་ལིའི་བར་དུ་ལོ་རྒྱུས་ཀྱིས་བཞག་པའི་གནད་དོན་དང་རྩ་བའི་ཁེ་ཕན་ཐད་ཀྱི་འགལ་རྩོད་མེད་པ་དང་། གནའ་བོའི་དར་གོས་ཚོང་ལམ་གྱིས་སྔ་མོ་ནས་རྒྱལ་ཁབ་གཉིས་མཉམ་དུ་སྦྲེལ་ཡོད། མིག་སྔར་ལྟ་ཞིབ་བྱས་ན། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱིས་ད་སྐབས་སྤྱོད་བཞིན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་སྲུང་སྐྱོབ་པ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་མ་ལག་འཛུགས་སྐྲུན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། མ་འོངས་བར་རྒྱང་ལྟ་བྱས་ན། རྒྱལ་ཁབ་གཉིས་ཀྱིས་རང་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་གི་ཚེ་སྲོག་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་དང་མཉམ་དུ། འཐབ་ཇུས་ཀྱི་ཐུན་མོང་གི་ལྟ་བ་གཏིང་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བར་འབད་འཐབ་བྱས་ནས། ཀྲུང་གོ་དང་དབྱི་ཐ་ལིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོར་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་མཛའ་བརྩེ་དམ་ཟབ་ཏུ་གཏོང་བའི་ལམ་བུ་གལ་ཆེན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དངུལ་རྩའི་མཉམ་ལས་དང་མི་གཞུང་བརྗེ་རེས་མཉམ་ལས་ཐད་ནས་བྱ་བ་མང་པོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དབྱི་ཐ་ལི་དམངས་གྲོས་ཁང་གིས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པའི་ཐད་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཆ་རྐྱེན་བཟང་བོ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཕྱོགས་མང་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་བརྗེ་རེས་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བདེ་དང་གཏན་འཇགས། དར་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འཇོག་འོས་ཟེར།

ཧྥེ་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་དམངས་གྲོས་ཁང་ལ་འཚམས་འདྲི་མཛད་པར་དགའ་བསུ་ཞུས། ཧྥེ་ཁི་ཡིས་བསྟན་དོན། འཛམ་གླིང་ཅན་གྱི་དུས་སྐབས་སུ། རྒྱལ་ཁབ་སོ་སོས་ཕན་ཚུན་ལ་རྒྱབ་རྟེན་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ངེས་པར་དུ་རྒྱལ་ཁབ་སོ་སོས་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོ་ནི་དབྱི་ཐ་ལིའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཆུ་ཚད་གསར་བ་བསླེབ་པར་སྐུལ་འདེད་གཏོང་ཐུབ། དབྱི་ཐ་ལིའི་དམངས་གྲོས་ཁང་གིས་དབྱི་ཐ་ལི་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་གི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབད་འཐབ་བྱེད་ཀྱིན་ཡོད་ལ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ་སོགས་འཛམ་གླིང་ཧྲིལ་བོའི་ལས་སྒོའི་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཏིང་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་མཇལ་འཕྲད་ལ་ཞུགས།