ཏུའུ་ཅེ་ཡིས་མཚོ་ནུབ་དང་མཚོ་ལྷོའི་བྱ་བར་རྟོག་ཞིབ་བྱས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁ་ཤས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། འབྲེལ་ཡོད་ཆེད་མཁས་པ་བཅས་ཀྱིས་གྲུབ་པའི་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ། མཚོ་སྔོན་གྱི་ནུས་ཁུངས་དག་གཙང་རྟེན་གཞི་འཛུགས་སྐྲུན་སྤེལ་བའི་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་ནུས་ཁུངས་ཅུའུ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་སོགས་འབྲེལ་ཡོད་སྡེག་ཁག་གི་གནས་ཚུལ་མཚམས་སྦྱོར་ལ་ཉན་པར་མ་ཟད། མཚོ་ནུབ་དང་མཚོ་ལྷོ་ཁུལ་གྱི་ཉི་འོད་ནུས་པའི་གློག་འདོན་དང་རླུང་ནུས་གློག་འདོན། ཉི་འོད་ནུས་པའི་ཚ་དྲོད་སོགས་ནུས་ཁུངས་དག་གཙང་རྟེན་གཞིར་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་ལས་གཞན། ས་གནས་སྲིད་གཞུང་དང་ཁེ་ལས་འབྲེལ་ཡོད་མི་སྣར་བསམ་ཚུལ་བརྗེ་རེས་ཀྱི་བཞུགས་མོལ་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་དག་གཙང་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཏུའུ་ཅེ་ཡིས་བསྟན་དོན། མཚོ་སྔོན་ལ་ནུས་ཁུངས་གསར་བའི་ཕྱོགས་ནས་ཐུན་མོང་མ་ཡིན་པའི་དགེ་མཚན་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ལ། ནུས་ཁུངས་དག་གཙང་གི་རྟེན་གཞི་ཆེ་གྲས་འཛུགས་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད། མཚོ་ནུབ་དང་མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཀྱི་ཁུལ་བསྐྲུན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་པོར་བཏོད་དེ། བསམ་བློ་བཅིངས་འགྲོལ་བྱེད་པ་དང་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཁུངས་གསར་བའི་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་འདིང་དགོས་པར་མ་ཟད། ནུས་ཁུངས་གསར་བ་འདི་ཉིད་མཚོ་སྔོན་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བའི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ལ་འགྱུར་བར་འབད་དེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།