ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་སོགས་ལ་མཇལ་འཕྲད་གནང་།
2019.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་ནས་སོ་སོར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐི་ཐུའུ་ལི་གཱ་དང་ཀྲི་ལིའི་ཙུང་ཐུང་ཕིས་ཉེ་ལ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅ་ཏི་བཅས་ལ་མཇལ་འཕྲད་གནང་།

པ་ཐི་ཐུའུ་ལི་གཱ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་གཉིས་ནི་རི་ཆུ་གཅིག་འདྲེས་ཀྱི་ཁྱིམ་མཚེས་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་ལས། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རང་དབང་ཉོ་ཚོང་གྲོས་མཐུན་དང་དཔལ་འབྱོར་མཉམ་ལས་ཁུལ་མྱུར་དུ་སྤེལ་འདོད་ཡོད་ཟེར།

ཕིས་ཉེ་ལཱ་ལ་མཇལ་འཕྲད་གནང་སྐབས་བསྟན་དོན། ཀྲི་ལི་ནི་ཀྲུང་གོ་གསར་བ་འབྲེལ་བ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཐོག་མ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་ཉིད་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་དང་མཉམ་དུ་མ་འོངས་པར་ཁ་གཏད་དེ། ཀྲུང་གོ་དང་ཀྲི་ལིའི་རང་དབང་ཉོ་ཚོང་གི་རིམ་སྤོར་པར་གཞི་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཀྲི་ལིའི་རང་དབང་ཉོ་ཚོང་ཁུལ་བེད་སྤྱད་དེ་ ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་པའི་བར་གྱི་དཔལ་འབྱོར་མཉམ་ལས་རྒྱ་སྐྱེད་དེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཁོག་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་པིས་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡས་ནམ་ཡང་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་མཐོང་བྱེད་ཀྱིན་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་དང་སྲིད་ཇུས་བརྗེ་རེས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་སྔར་ལས་རྒྱུན་མཐུད་རང་བཞིན་ལྡན་པར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཨེ་ཙེ་ཨོ་ཕི་ཡ་རུ་སོང་ནས་དངུལ་གཏོང་ལས་སྤེལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལཱ་ཅ་ཏི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། སྔོན་རྩིས་ལས་བཟང་ལ། འགོ་བཟང་བོ་བརྩམས། དེ་དང་མཉམ་དུ་ང་ཚོས་ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ལ་ཐུག་ཡོད་པ་མཐོང་བས། ང་ཚོས་མ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་པ། སྲིད་བསྡུ་དབང་གཏོང་། གཞི་ཁྱོན་ཆེ་བའི་ཁྲལ་འཕྲི་རིན་གཅོག་བརྒྱུད་དེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་སྐྱེད་པ་དང་། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་གདོང་གིས་བསུ་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་ཁྱད་སེལ་བྱེད་པ། བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། དཔལ་འབྱོར་འོས་འཚམ་གྱི་བར་སྟོང་དུ་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

                                                                                                                 ལོ་ཙྰ་བ།རིན་ཆེན་མཚོ།