མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས།
2019.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། འགན་ནུས་གསར་བ་དང་འགན་འཁྲི་གསར་བ་ལག་བསྟར་ནན་མོ་བྱེད་པ་དང་། སྨན་བཅོས་འགན་སྲུང་མ་དངུལ་གྱི་བདེ་འཇགས་དྲ་བ་བརྟན་པོ་འཛུགས་པ། མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་ལ་དོ་དམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། རེ་བ་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་བསྟན་དོན། སྨན་བཅོས་འགན་སྲུང་སྡེ་ཁག་འཛུགས་པ་ནི། ཏང་ཀྲུང་དབྱང་གིས་དམངས་ཡོངས་སུ་ཁེབས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་བྱེད་པར་དམིགས་ནས་བཏོན་པའི་འཐབ་ཇུས་བསམ་བློ་དང་། སྨན་བཅོས་འགན་སྲུང་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་བྲེལ་མྱུར་དགོས་མཁོ་ཡིན་ལ། ཕན་པ་ཡོད་པའི་སྒོ་ནས་སྨན་གསུམ་མཉམ་འགུལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། མི་དམངས་ཀྱི་ཆེད་དུ་རྒྱུ་ནོར་བདག་གཉེར་བྱེད་པ་དང་རྒྱུ་ནོར་བཀོལ་སྤྱོད་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། སྨན་བཅོས་འགན་སྲུང་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལྟ་སྐུལ་དོ་དམ་དེ་ལས་རིགས་ཀྱི་བྱ་བ་སྣ་ཚོགས་སྟེང་ཁེབས་པར་བྱེད་དགོས། སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བར་དམ་འཛིན་བྱས་ཏེ། དབུལ་ཕོངས་མི་གྲངས་གཅིག་ཀྱང་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་འགན་སྲུང་འདོན་སྤྲོད་བྱེད་དགོས། སྨན་བཅོས་འགན་སྲུང་གི་དངུལ་གསོག་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གཞི་རྩར་འགན་སྲུང་བྱེད་པའི་དམིགས་འབེན་དང་རེ་བ་མཚོན་པར་བྱེད་དགོས། སྨན་རྫས་ཉོ་བསྡུ་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་ཀྱིས་གོང་བདེ་ཞིང་སྤུས་ཚད་ལེགས་པའི་སྨན་བཟང་བོ་བཀོལ་སྤྱོད་བྱེད་ཐུབ་པར་བྱེད་དགོས། སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་རྣམ་པའི་བཅོས་བསྒྱུར་བརྟན་བརླིང་ངང་སྤེལ་ནས། སྨན་རིན་ལུགས་མཐུན་མིན་པའི་སྒོ་ནས་ཇེ་མཐོར་གཏོང་བར་བཀག་འགོག་བྱེད་དགོས། སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྨན་ཁང་བདེ་ཐང་ངང་འཁོར་སྐྱོད་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་དགོས། སྨན་བཅོས་འགན་སྲུང་གི་རྨང་གཞི་རང་བཞིན་གྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། སྲིད་ཇུས་སྣ་ཚོགས་ཕན་ཡོད་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཧུར་ཐག་གིས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ལས་སྒོའི་ཆུ་ཚད་བཟང་བ། སྤྱོད་ཚུལ་ལེགས་པ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་བྱ་བའི་དགོས་མཁོ་དང་འཚམ་པའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས་ཟེར།