ལིག་ཉིང་གིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2019.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་དུས་ཚོད་དམ་འཛིན་སྒོས་བྱ་བ་བཟང་བོར་བསྒྲུབ་པའི་གནས་ཚུལ་ལ་དམིགས་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ལས་གཞི་གལ་ཆེན་འཛུགས་སྐྲུན། དྭངས་གཙང་ནུས་ཁུངས་འཕེལ་རྒྱས་སོགས་བྱ་བར་རྟོག་ཞིབ་བྱས། ལིག་ཉིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལག་བསྟར་བྱེད་པ། རྗེས་སྤེལ་དགེ་མཚན་འདོན་སྤེལ་བྱེད་པ། དཔལ་འབྱོར་འཕར་སྣོན་སྣེ་གྲངས་གསར་བ་བསྐྲུན་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིག་ཉིང་སྔ་གཞུག་ཏུ་ཞང་དང་གྲོང་རྡལ་དང་སྡེ་བ། ཁེ་ལས། བཟོ་སྐྲུན་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས། གུང་ཧོ་རྫོང་ཅང་ཤེས་ཁུག་གྲོང་རྡལ་དང་རྟ་ནག་མ་གྲོང་རྡལ་དུ། ལིག་ཉིང་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། བྱང་ཁ་མེ་ཏོག་ཕྱུགས་ལས་ཚད་ཡོད་ཀུང་ཟི་དང་ཚ་རྔ་འགག་ཁྱད་ལྡན་གྲོང་རྡལ་སོགས་སུ། ལིག་ཉིང་གིས་ནོར་ལུག་གསོ་སྤེལ་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན། ཆུ་འཁྱག་གསོ་སྤེལ་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། མཚོ་ལྷོ་ཁུལ་སྟོང་ཝ་རིམ་པའི་ནུས་ཁུངས་གསར་བའི་རྟེན་གཞི་རུ། ལིག་ཉིང་གིས་བསྟན་དོན། མཚོ་ལྷོའི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་། ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་ལ། ཁུལ་གནས་ཀྱི་དགེ་མཚན་ཧ་ཅང་མངོན་གསལ་ཡིན་པ་དང་། དགེ་མཚན་ཐོན་ལས་ཀྱི་ཁ་གསབ་རང་བཞིན་དང་འཕེལ་རྒྱས་རང་བཞིན་ཧ་ཅང་བཟང་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་། རྗེས་སྤེལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་རྒྱུན་མཐུད་ཀྱི་འཕེལ་རྒྱས་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ། རྟེན་གཞིའི་རྩོལ་ནུས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། སྦྲེལ་མཐུད་ཕྱི་སྐྱེལ་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ལིག་ཉིང་གིས་ད་དུང་ཡུལ་དངོས་ནས་མཚོ་སྔོན་པོའི་གནམ་གྲུ་ཐང་དང་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན། ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ཉན་པ་མ་ཟད། ནན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ནང་གཏན་ཁེལ་བྱས་པའི་ལས་འགན་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་པ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། བྱ་བ་མྱུར་དུ་སྤེལ་བ། ལས་གཞི་སྔ་མོ་ནས་ལས་འགོ་རྩོམ་པར་ཁག་ཐེག་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། སྔ་མོ་ནས་རིགས་སོ་སོའི་མང་ཚོགས་ལ་ཕན་འདོགས་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁོས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།