ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་ཐན་སྨྱན་བྱད་སྟེང་མིང་བཀོད་རྩོམ་ཡིག་ཅིག་བཀོད།
2019.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ཏེ། ཅི་ཨར་ཅི་སི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པར་མ་ཟད་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཞུགས་པའི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་ཐན་གྱི་གཏམ་བརྗོད་ཚགས་པར་དང་ཁ་པ་ཨར་རྒྱལ་ཁབ་འཕྲིན་གཏོང་ཁང་དུ་ཁ་ཡིག་ལ་ཀྲུང་གོ་དང་ཅི་ཨར་ཅི་སི་ཐན་བར་གྱི་མཛའ་མཐུན་གྱི་ལྗོན་པའི་ཡལ་འདབ་རྒྱས་ཤིང་དུས་བཞིར་སྔོ་བར་སྨོན་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་བཀོད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཚུན་ལ། ཀྲུང་གོ་དང་ཅི་ཨར་ཅི་སི་ཐན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཉམས་སད་ཐེག་པ་དང་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་ཁུར་དང་ཕན་ཚུན་ལ་རོགས་འདེགས་བྱས་པས། མིང་དོན་མཚུངས་བའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། དེང་གི་དུས་འདིར་ཀྲུང་གོ་དང་ཅི་ཨར་ཅི་སི་ཐན་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་མཉམ་ལས་བྱེད་པ་དང་འགན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་འགན་སྲུང་བྱེད་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་འགན་འཁྲི་ཡིན་པས་ཕྱོགས་གཉིས་ཀྱིས་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅོ་བརྒྱད་ཀྱི་རིང་ལ། ས་གནས་ཀྱི་བརྟན་འཇགས་དང་དར་རྒྱས་ཐད་ལ་ཀུན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག པུས་ཧྲི་ཁའེ་ཁི་མཐོ་རིམ་གྲོས་ཚོགས་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ས་གནས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བཟང་བོ་སྐྲུན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།