ཞི་ཅིན་ཕིང་གིས་སི་ཁྲོན་དབྱི་པེན་གྲོང་ཁྱེར་ཁྲང་ཉིང་གྲོང་ཁྱེར་དུ་ཚད་རིམ་དྲུག་གི་ས་འགུལ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་།
2019.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ང་ལྔའི་སྟེང་། སི་ཁྲོན་ཞིང་ཆེན་དབྱི་པེན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་ཚད་རིམ་དྲུག་ཅན་གྱི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་ཟབ་ཚད་སྤྱི་ལེ་བཅུ་དྲུག་རེད། མིག་སྔའི་བར་དུ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་གོ་དགུ་ལ་རྨས་ཕོག མི་འབུམ་གཅིག་དང་ཁྲི་བཞི་ལྷག་ལ་གནོད་འཚེ་ཐེབས་པ་མ་ཟད། ས་དེའི་ཆུ་གློག་དང་འགྲིམ་འགྲུལ། བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླགས་ཐེབས།

ས་འགུལ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཅང་མཐོང་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་ནས། ས་འགུལ་གནོད་འགོག་རྒུད་སྐྱོབ་ལ་སྟོབས་ཤུགས་ཡོད་རྒུས་རྩ་འཛུགས་བྱེད་པ་དང་། མི་སྣ་འཚོལ་བཤེར་དང་རྨས་མ་མྱུར་སྐྱོབ་བྱེད་རྒྱུ་དེ་གོ་གནས་དང་པོར་བཞག་ནས། མི་སྣའི་ཤི་ཚད་ཆེས་ཆེར་ཇེ་ཉུང་དུ་གཏོང་དགོས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ཀྱི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱེད་དགོས། མྱུར་སྐྱོབ་ཚན་རིག་དང་མཐུན་ཞིང་། ས་འགུལ་གནས་ཚུལ་བརྟག་བཤེར་ལ་ཤུགས་བསྣན་ནས། ཡང་བསྐྱར་ས་འགུལ་བྱུང་ནས་གནོད་འཚེ་ཐེབས་པར་བཀག་འགོག་བྱེད་དགོས། གང་མགྱོགས་སྒོས་ཆུ་གློག་འདོན་སྤྲོད་དང་འགྲིམ་འགྲུལ་སྐྱེལ་འདྲེན། བརྡ་འཕྲིན་འབྲེལ་གཏུག་སོགས་སླར་གསོ་བྱས་ནས། གནོད་ཐེབས་མང་ཚོགས་ཉེན་ཁ་ལས་གཞོལ་བ་དང་གནས་གཞན་དུ་བཀོད་སྒྲིག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། ད་ལྟ་ཏག་ཏག་ཆུ་ལོག་རྒྱུག་པའི་དུས་སྐབས་སུ་སླེབས་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཆར་ཆུ་འབབ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཆུ་ལོག་སོགས་ཀྱིས་མི་དང་རྒྱུ་ནོར་ལ་གྱོང་གུད་བཟོ་བཞིན་པས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་དཀྱིལ་སྙིང་དུ་བཟུང་ནས། ཆུ་ལོག་གི་གནོད་འཚེ་སྔོན་འགོག་བྱེད་དགོས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ས་འགུལ་གནོད་ཐེབས་ཀྱི་གནས་ཚུལ་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་ལས་སྐྱོབ་པ་དང་རྨས་མ་གསོ་བཅོས་བྱེད་པ། གང་མྱུར་སྒོས་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ་དང་། ས་འགུལ་གནོད་འཚེའི་རྒུད་སྐྱོབ་བྱ་བའི་ཆ་འཕྲིན་དུས་ལྟར་སྤེལ་བ། གནོད་ཐེབས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བཅས་བྱེད་དགོས་ལ། ཆུ་བེད་པུའུ་དང་འཕྲལ་བསྟུན་དོ་དམ་ཁང་། རང་བྱུང་ཐོན་ཁུངས་པུའུ་སོགས་ཀྱིས་འབྲེལ་ཡོད་ས་གནས་ལ་གཞོགས་འདེགས་ཀྱིས་དྲག་ཆར་བབས་ནས་གནོད་འཚེ་སྣ་ཚོགས་་འབྱུང་བར་སྔོན་འགོག་དང་ཁ་གཏད་གཞལ་དགོས་པའི་ཐུགས་རེ་བཏོན། 

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཁི་ཆང་གི་ཐུགས་རེ་ལྟར། འཕྲལ་བསྟུན་དོ་དམ་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་བྱ་བའི་ཚན་ཁག་གནོད་ཐེབས་ཁུལ་ལ་མཛུབ་སྟོན་དང་རྒུད་སྐྱོབ་བྱེད་དུ་མངགས་ཤིང་། རང་བྱུང་ཐོན་ཁུངས་པུའུ་དང་ཆེ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ས་འགུལ་བྱུང་སའི་ཉེ་འཁོར་གྱི་ཉེན་ཁར་ཞིབ་བཤེར་བྱེད་བཞིན་ཡོད། སི་ཁྲོན་ཞིང་ཆེན་དང་དབྱི་པེན་གྲོང་ཁྱེར་གྱིས་ཟམ་པ་དང་ས་གཤིས་ཆེད་མཁས་པ་དང་མྱུར་སྐྱོབ་རུ་ཁག་སོགས་་རྩ་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་བྱ་བ་སྒྲུབ་བཞིན་པ་མ་ཟད། སྦྲ་གུར་དང་མལ་ཐུལ། མལ་ཁྲི་སོགས་རྒུད་སྐྱོབ་དངོས་རྫས་གནོད་ཐེབས་ས་ཁུལ་དུ་བསྐྱལ་ཏེ། ས་འགུལ་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་དེ་བྲེལ་འཚུབ་ཀྱི་ཁྲོད་ན་གོ་རིམ་དང་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད།