མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་གི་མཐོ་རླབས་གསར་པ་བསླངས།
2019.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ནག་འཇོམས་ངན་སེལ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྣང་ཚུལ་ཟབ་མོ་ཧུར་ཐག་གིས་བསྐྲུན་ཏེ། མང་ཚོགས་ཀྱི་དེ་ཤེས་ཚད་དང་དེའི་ཁྱབ་རྒྱ་མཐོར་འདེགས་སུ་བཏང་ནས། ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་གི་མཐོ་རླབས་གསར་པ་འཕྱུར་བར་བྱས།

ཉེ་སྔོན། ཞིང་ཆེན་སྲིད་འཛིན་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བ་སྔར་ལས་ཟབ་སྤེལ་བྱེད་པའི་སྐོར་གྱི་བརྡ་སྦྱོར་བཏང་ནས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་བསྲིང་བའི་བྱེད་ཐབས་གལ་ཆེན་ཡིན་པར་ངོས་འཛིན་ཟབ་མོ་བྱས་ཏེ། སྔར་ལས་ལྷག་པར་ཆབ་སྲིད་ལངས་གནད་མཐོར་འདེགས་དང་བསམ་བློའི་གོ་རྟོགས་མཐོར་འདེགས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། བསམ་བློ་དང་སྦྱོར་བ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་དངོས་སུ་གཅིག་གྱུར་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དྲིལ་སྒྲོག་ཟབ་མོ་བྱེད་པ། ཆེད་དོན་འཐབ་རྩོད་ལ་རམ་འདེགས་བྱེད་པ་བཅས་ཀྱི་འགན་ནུས་ཁྱད་སྟོབས་བཟང་པོར་བཏོན་ནས། ནག་འཇོམས་ངན་སེལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་པའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་སྟེ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་འཕྲིན་གཏོང་ལས་གཉེར་ཁེ་ལས་དང་མཉམ་འབྲེལ་གྱིས་སྤྱི་ཚོགས་ལས་རིགས་སོ་སོར་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་འཕྲིན་ཐུང་བསྐུར་བ་དང་། དེའི་ཁྱབ་རྒྱ་མི་ཐེངས་ས་ཡ་བཞི་དང་འབུམ་ལྔ་ལ་སླེབས། བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔོན་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཁོངས་གཏོགས་ཀྱིས་ད་དུང་གཞུང་ཕྱོགས་འཕྲིན་ཕྲན་དང་པོད་འཕྲིན། སྤྱི་སྟེགས། གཞུང་དྲ། ཁ་པར་མགྲོན་སྣེ། རང་འགུལ་གྱིས་སྟེགས་བུ་བཙུགས་ནས་གྱོད་དོན་དང་སྦྲེལ་ཏེ་བཅའ་ཁྲིམས་བཤད་པ། ཕན་ཚུན་མཉམ་འབྲེལ་གྱིས་བཅའ་ཁྲིམས་སྦྱོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་གི་ཤན་ཤུགས་དང་སིམ་ཤུགས་རྒྱ་བསྐྱེད།