གོ་ཧྲིན་ཁུན་གྱིས་སི་ཁྲོན་གྱི་བྱ་བར་རྟོག་ཞིབ་བྱས།
2019.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བདུན་པའི་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་སི་ཁྲོན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབ་པ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། གོ་ཧྲིན་ཁུན་གྱིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པའི་འཐུས་མིས་བཏོན་པའི་བསམ་འཆར་དང་བསམ་ཚུལ་ལ་ཉན། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས་ལ། མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་བརྟན་འཇགས་དང་རིགས་སོ་སོའི་མང་ཚོགས་བདེ་སྐྱིད་དང་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས། སི་ཁྲོན་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།