ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
2019.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་ཉེན་ཁ་དང་འགྲན་རྩོད་གསར་བར་འཕྲད་ཡོད་པ་དང་། རྒྱལ་ནང་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པས། ངེས་པར་དུ་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཡུན་རིང་གི་གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་དགོས་ལ། འགལ་བ་གཙོ་བོར་གཙིགས་འཛིན་བྱེད་པ་དང་ཉེན་ཁ་ཞི་འཇགས་སུ་གཏོང་མཁས་པར་བྱས་ནས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་པས། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་བརྟན་དགོས་པ་དང་ཆུང་ཕྱོགས་སྲིད་ཇུས་སྐབས་དང་བསྟུན་དགོས་ལ། སྤྱི་ཚོགས་སྲིད་ཇུས་མ་མཐའི་ཚད་གཞིར་འཛིན་པའི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་འགན་སྲུང་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཆབ་སྲིད་སྐོར་ཞིབ་གཏིང་ཟབ་ཏུ་སྤེལ་བ་དང་སྐོར་ཞིབ་དང་སྐོར་གཟིགས་གོང་འོག་མཉམ་འབྲེལ་བྱེད་པའི་ལྟ་སྐུལ་དྲ་བ་འཛུགས་པར་བཀོད་སྒྲིག་གསལ་བོ་བྱས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་རེ་བ་དངོས་འབེབས་བཟང་བོ་བྱས་པ་དང་། ཐེངས་གསུམ་ལ་སྐོར་ཞིབ་བྱས་ནས་ཀྲུང་དབྱང་དོ་དམ་ཁེ་ལས་ཡོངས་ལ་ཁེབས་པ་ཡོངས་འགྲུབ་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས་ཟེར།