མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྐབས་གསུམ་པའི་འཕྲལ་སྒྲུབ་མྱུར་སྐྱོབ་འགྲན་སྡུར་བྱ་དགའ་སྟེར་བ་དང་ང་དང་མེས་རྒྱལ་མཉམ་དུ་སྐྱོད་ཅེས་པའི་རིག་རྩལ་སྙན་ཞུའི་འཁྲབ་སྟོན་ཟི་ལིང་ནས་བསྡུས།
2019.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྐབས་གསུམ་པའི་འཕྲལ་སྒྲུབ་མྱུར་སྐྱོབ་འགྲན་སྡུར་བྱ་དགའ་སྟེར་བ་དང་ང་དང་མེས་རྒྱལ་མཉམ་དུ་སྐྱོད་ཅེས་པའི་རིག་རྩལ་སྙན་ཞུའི་འཁྲབ་སྟོན་ཟི་ལིང་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་བྱ་འགུལ་ལ་ཞུགས་པར་མ་ཟད་བྱ་དགའ་གནང་།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ནས་ཚེས་དགུ་ཉིན་བར་ཟི་ལིང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་འཕྲལ་སྒྲུབ་མྱུར་སྐྱོབ་འགྲན་སྡུར་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱ་གྲམ་དམར་པོའི་ཁོངས་གཏོགས་དང་དེ་མིན་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཆེད་ལས་སྨན་བཅོས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་ཉེར་དགུ་འགྲན་སྡུར་ལ་ཞུགས།

རིག་རྩལ་སྙན་ཞུའི་འཁྲབ་སྟོན་ཁྲོད་དུ་མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་ཟི་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ། མཚོ་ཤར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་རྒྱ་གྲམ་དམར་པོ་ཚོགས་པ་བཅས་འཐུས་ཚབ་རུ་ཁག་དྲུག་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། ལོས་མིན་ཧན་དང་སུན་ཧྲིན་ཁྲུན། གཅོད་པ་སྐྱིད་སོགས་རུ་མི་ལ་མི་སྒེར་གྱི་བྱ་དགའ་ཐོབ།

ཐེངས་འདིའི་འགྲན་སྡུར་ནི་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་འཕྲལ་སྒྲུབ་མྱུར་སྐྱོབ་གསོ་སྦྱོང་བྱས་པའི་གྲུབ་འབྲས་མངོན་ཐེངས་ཤིག་ཡིན་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་འཕེལ་རྒྱས་འདུ་ཤེས་ཆགས་པར་བྱས་ཏེ་ཚེ་སྲོག་ལ་མིག་བཞིན་གཅེས་པ་དང་བདེ་འཇགས་དང་པོར་འཇོག་པའི་འདུ་ཤེས་དར་སྤེལ་བྱེད་པའི་མཚོན་བྱེད་ཡིན་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་འགུལ་སྐྱོད་ངོ་མ་ཡང་ཡིན།