ཝང་ཅན་ཅུན་གྱིས་ཟི་ལིང་གི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།
2019.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་སྟོད་པ་མཁར་གསར་དུ་སོང་ནས། ཞིན་ཧྭ་ལེན་ཟི་ལིང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་ནན་མོ་བྱས་ཏེ། བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་ལས་དོན་དམིགས་འབེན་དུ་འཛིན་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་བརྟེན་དགོས་པ་ལས་གཞན། ཞིང་ཆེན་ལྟེ་གནས་ཀྱི་འོས་འགན་ཕྲག་སྟེང་དུ་བླངས་ནས་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་རྟོག་ཞིབ་ཁྲོད་བསྟན་དོན། དེང་རབས་ལག་རྩལ་གྱི་ཆ་རྐྱེན་འོག་ཏུ། གྲོང་ཁྱེར་ཕན་ཚུན་དབར་གྱི་འགྲན་རྩོད་ནི་ལྷན་སྐྱེས་ཆ་རྐྱེན་ལ་རག་ལས་མེད་པར། རྗེས་བྱུང་གི་འབད་འབུངས་དང་མིག་རྒྱང་། བརྡར་གཅོད། དངུལ་གཏོང་སོགས་ཀྱི་སྟོབས་ཤུགས་ལ་རག་ལས་ཡོད། འབད་འབུངས་ཀྱིས་སྟོབས་ཤུགས་དངོས་ཐག་གཅོད་བྱེད་ཀྱིན་ཡོད་ཅིང་མིག་རྒྱང་གིས་གོ་རྟོགས་ཐག་གཅོད་བྱེད་ཀྱིན་ཡོད། བརྡར་གཅོད་ཀྱིས་གདམ་ག་ཐག་གཅོད་བྱེད་ཀྱིན་ཡོད། དངུལ་གཏོང་གིས་མ་འོངས་པ་ཐག་གཅོད་བྱེད་ཀྱིན་ཡོད་པས། ཡིད་ཆེས་ཆེན་པོའི་སྒོ་ནས་འབད་པ་ལྷུར་ལེན་དང་འཛམ་གླིང་གི་མིག་རྒྱང་རིང་པོ་བཅངས་ནས་འཕེལ་རྒྱས་ལ་བལྟ་དགོས། འཐབ་ཇུས་བསམ་གཞིགས་ལ་བརྟེན་ནས་བརྡར་གཅོད་ལེགས་པོ་བྱས་མཐར། དེ་རིང་གི་དངུལ་གཏོང་ནི་སང་ཉིན་གྱི་རྒྱུ་ནོར་དུ་འགྱུར་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ལྟེ་གནས་སྟོབས་ལྡན་དུ་གྱུར་བ་ཡིན་ན་གཞི་ནས་ཞིང་ཆེན་ཡོངས་སྟོབས་ལྡན་དུ་འགྱུར་ཐུབ་པ་ཡིན། ཟི་ལིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་དངོས་འབེབས་དོན་འཁྱོལ་བྱས་ནས། རང་རྟོགས་སྒོས་སྦྲེལ་མཐུད་དང་གཏིང་ཟབ་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་དང་སིམ་འདྲེས་ཡོང་བར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ནས། དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་གསོན་ཉམས་ལྡན་ཞིང་དཔལ་ཡོན་གྱི་རྨང་རྐང་ལེགས་པ། ལྗང་མདོག་གི་བསམ་བློས་ཕྱུག་པ། རིག་གནས་དང་གསར་གཏོད་ཀྱི་རྣམ་པ་འཛོམས་པ། བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་ཡོད་པ། བསམ་བློ་དང་རྒྱུ་ནོར་འདོན་སྤྲོད་བྱེད་ཐུབ་པ་བཅས་ཀྱི་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། གནས་འདིར་འཚོ་བ་རོལ་གྱིན་པའི་མི་དམངས་རྣམས་ལ་བདེ་སྡོད་ལས་སྐྲུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་མཐར། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་བདེ་སྐྱིད་ལྡན་པའི་ཟི་ལིང་གི་འདེགས་སྐྱོར་ཆེས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་ཟེར།

ཝང་ཞའོ་དང་ཡུས་ཚུང་ལི་ཡིས་རྟོག་ཞིབ་བྱེད་རོགས་བྱས།