བློ་མཐུན་ཝང་ཀོང་དབྱིན་སྐུ་གཤེགས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། 
2019.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། བློ་མཐུན་ཝང་ཀོང་དབྱིན་སྐུ་གཤེགས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། 

བློ་མཐུན་ཝང་ཀོང་དབྱིན་སྐུ་གཤེགས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། བློ་མཐུན་ཝང་ཀོང་དབྱིན་གྱི་གཉེན་མིར་སྙིང་ཉེ་བའི་ངང་ནས་མཇལ་འཕྲད་གནང་།  བློ་མཐུན་ཝང་ཀོང་དབྱིན་ནི་ཀྲུང་གོའི་དེང་རབས་ཀྱི་མི་རིགས་བཟོ་ཚོང་བྱ་བ་བྱེད་མཁན་གྱི་ཕུལ་བྱུང་འཐུས་མི་ཡིན་ལ། སྔོན་ཆད་སྐབས་བརྒྱད་པ་དང་དགུ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། སྐབས་དྲུག་པ་དང་བདུན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱིག་ཆོན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཝང་ཀོང་དབྱིན་གྱི་འོད་སྟོང་འབར་བའི་མི་ཚེ་ཕྱིར་དྲན་བྱས་པར་མ་ཟད། ཁོང་གི་བློ་གཅིག་སེམས་གཅིག་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་བློས་ཐུབ་གྲོགས་པོའི་མི་གཤིས་དང་། རྒྱལ་དར་དམངས་ཕྱུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་པའི་རྒྱལ་གཅེས་དཔེ་སྟོན་པ། རང་འགུལ་གྱིས་བཅོས་བསྒྱུར་སྒོ་འབྱེད་ལས་དོན་ལ་སྟོབས་ཤུགས་འབུལ་བའི་ཕུལ་བྱུང་བཅོས་བསྒྱུར་མཁན། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་གཏོང་ཐབས་བྱེད་པའི་ཁེ་ལས་པའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་སྟོབས་ཤུགས་འདོན་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་བཞུགས་མོལ་ཚོགས་འདུར་ཞུགས།