རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲིམས་སྐྱོང་གླེང་སྟེགས་སྐབས་གསུམ་པ་ཟི་ལིང་ནས་བསྡུས།
2019.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་དུ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དང་ཁྲིམས་སྐྱོང་འགན་སྲུང་བརྗོད་གཞི་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲིམས་སྐྱོང་གླེང་སྟེགས་སྐབས་གསུམ་པ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་འགོ་རྩོམ་མཛད་སྒོར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་རིག་སློབ་ཚོགས་ཀྱི་ཚོགས་གཙོ་ཝང་ཞའོ་ཡུང་གིས་ཤིས་ཚིག་ཕུལ། ཧེ་ལུང་ཅང་དང་ཀོང་ཞི། ཀྲེ་ཅང་སོགས་ཞིང་ཆེན་བརྒྱད་ནས་ཕེབས་པའི་མི་སྣ་དང་མཚོ་སྔོན་གྱི་ཁྲིམས་རིག་བཅའ་ཁྲིམས་ལས་བྱེད་པ་ཉིས་བརྒྱ་ལ་ཉེ་བ་ཐེངས་འདིའི་ཚོགས་འདུར་ཞུགས།

དབྱིན་པེ་ཡིས་ནན་གྱིས་བསྟན་དོན། རྒྱ་ཆེ་བའི་ཁྲིམས་རིག་བཅའ་ཁྲིམས་ལས་བྱེད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་མཐར་ཕྱིན་དང་དེར་སློབ་སྦྱོང་བཟང་བོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དར་ཆའི་འོག་ནས་ཁྲིམས་རིག་ཞིབ་འཇུག་དང་ལག་ལེན་འཚོལ་དཔྱོད་བྱས་ཏེ་སྔར་ལས་མིག་རྒྱང་རིང་པོ་དང་གོམ་པ་བརྟན་པོ་སྤོ་དགོས། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་ཁྲིམས་སྐྱོང་གཞུང་ལུགས་ལག་ལེན་གྱི་གནད་དོན་འཚོལ་དཔྱོད་བྱས་ཏེ། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་ཇུས་ཆོད་ལ་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཞའོ་ཡུང་གིས་ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གསར་བའི་གཞི་རྩའི་ནང་སྙིང་མཚམས་སྦྱོར་བྱས་ནས། གནས་བབ་གསར་བའི་འོག་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་རིག་པའི་ཞིབ་འཇུག་བྱ་བར་བླང་བྱ་མངོན་གསལ་བཏོན།