ཡུལ་ཤུལ་གནམ་གྲུ་ཐང་གི་རྒྱ་སྐྱེད་དང་ར་བ་ཕྱིའི་ལྷུ་ལག་བཟོ་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་ཡུལ་ཤུལ་གྲོང་ཁྱེར་ནས་བསྡུས།
2019.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཡུལ་ཤུལ་གནམ་གྲུ་ཐང་གི་རྒྱ་སྐྱེད་དང་ར་བ་ཕྱིའི་ལྷུ་ལག་བཟོ་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་ཡུལ་ཤུལ་གྲོང་ཁྱེར་ནས་བསྡུས། དེས་ཡུལ་ཤུལ་གནམ་གྲུ་ཐང་གི་རྒྱ་སྐྱེད་དང་ར་བ་ཕྱིའི་ལྷུ་ལག་བཟོ་སྐྲུན་དངོས་སུ་སྤེལ་འགོ་བརྩམས་པ་མངོན་པར་མཚོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས། དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཝང་ཀྲང་ཡུས་དང་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ལུའུ་ཁྲིན་ཞང་སོགས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་མཁན་གྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་གྲོགས་པོ་རྣམས་ལ་བཀའ་དྲིན་ཞུས་ནས། བཟོ་སྐྲུན་ཇུས་འགོད་དང་འཛུགས་སྐྲུན་ལས་རིམ་ཁྲོད་ཞུགས་པའི་བློ་མཐུན་རྣམས་ལ་གུས་འདུད་བླ་མེད་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་བཞེས་འོག་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། མཚོ་སྔོན་དམངས་སྤྱོད་ལས་དོན་ལ་ཡར་རྒྱས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ། རིགས་སོ་སོའི་མི་དམངས་ཀྱི་ཐོབ་འདོད་ཀྱི་བསམ་པ་དང་བདེ་སྐྱིད་ཚོར་བ་སྔར་ལས་ཇེ་དྲག་ཏུ་བཏང་། ཡུལ་ཤུལ་གནམ་གྲུ་ཐང་ནི་ཉིས་སྟོང་དགུ་ལོར་འཛུགས་སྐྲུན་བྱས་ཏེ་དངོས་སུ་བཀོལ་སྤྱོད་བྱས་པ་ནས་བཟུང་། ཡུལ་ཤུལ་གྱི་གནོད་སེལ་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཡུལ་ཤུལ་གནམ་གྲུ་ཐང་གི་རྒྱ་སྐྱེད་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་གསུམ་པའི་བོད་ཁུལ་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་འབྲེལ་བའི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་ཡུལ་ཤུལ་ས་ཁུལ་ཕྱི་ཕྱོགས་སུ་སྒོ་འབྱེད་ཆེན་པོ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། འབྲེལ་ཡོད་ས་གནས་དང་སྡེ་ཁག  ལས་ཁུངས་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་ཤུགས་ཆེན་པོས་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སྐུལ་འདེད་ལས་རིམ་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཅི་རིགས་དུས་ལྟར་ཐག་གཅོད་བྱེད་པ་བཅས་ལ་འབད་དེ། བཟོ་སྐྲུན་འཛུགས་སྐྲུན་ལ་ཕན་ཁེ་ཆེ་བའི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས་ཟེར།