རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚན་ཆུང་བགོས་ནས་ད་ལོའི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།
2019.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ནས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོའི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོའི་ཚུན་གྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྔོན་སློབ་གསོའི་ལས་དོན་བཅོས་བསྒྱུར་དང་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་སོགས་ཀྱིས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་སྤྱི་ཁོག་ནས་ཧ་ཅང་བཟང་བ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་ལུགས་མཐུན་གྱི་བར་མཚམས་སུ་གནས་ལ། ལས་འགན་གལ་ཆེན་དང་ལས་གཞི་ཆེན་པོ་བདེ་བླག་ངང་ལག་བསྟར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚོགས་ཞུགས་མི་སྣས། ད་ལོའི་ཚུན་དུ། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཆོད་དོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་འཕྲི་ཡོན་གཅོག་བྱེད་ཐབས་ལག་བསྟར་བྱས་ལ། གཏན་འཇགས་དྲུག་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པས། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་། ཁྲིམས་ལྟར་སྔོན་རྩིས་འགྲོ་གྲོན་དོ་དམ་ལ་ཤུགས་སྣོན་པ་དང་ཚད་ལྡན་དུ་བཏང་བ་དང་། ནོར་སྲིད་འཁོར་རྒྱུག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་སྤྱི་ཁོག་ནས་ཆ་སྡེབས་ཡིན་ལ། སྔོན་རྩིས་ལག་བསྟར་གནས་ཚུལ་ཅུང་བཟང་བས། མུ་མཐུད་དུ་ནོར་སྲིད་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པར་ཤུགས་སྣོན་པ་དང་། སྔོན་རྩིས་ཀྱི་གྲུབ་འབྲས་དོ་དམ་བྱེད་པར་ཤུགས་སྣོན་པ་དང་ནོར་སྲིད་དཔྱ་ཁྲལ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ས་གནས་སྲིད་གཞུང་གི་ལྐོག་གྱུར་བུ་ལོན་ཉེན་ཁ་སྔོན་འགོག་དང་བྱ་བ་བཟང་བོར་བསྒྲུབ་རྒྱུའི་གྲོས་གཞི་བཏོན།

ཚོགས་ཞུགས་མི་སྣས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་སློབ་སྔོན་སློབ་གསོའི་བཅོས་བསྒྱུར་དང་ཚད་ལྡན་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ནོར་སྲིད་དངུལ་གཏོང་རྒྱུན་མཐུད་ངང་ཇེ་མང་དུ་བཏང་ལ། ཡུན་རིང་བོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་གནད་དོན་འགའ་ཐག་བཅད་པ་དང་། བྱིས་གཉོར་ཁང་ལ་འགྲོ་དཀའ་བ་དང་སློབ་ཡོན་དམའ་བའི་གནད་དོན་ཐག་བཅད་ལ། སློབ་སྔོན་སློབ་གསོའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པས། སྲིད་གཞུང་གིས་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་གཙོ་ཁྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྔོན་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་སྔར་ལས་རྒྱ་སྐྱེད་པ། སློབ་སྔོན་སློབ་གསོའི་གྲོན་དངུལ་སྤྱི་ཐུན་ཞབས་ཞུ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་རྒྱུད་རིམ་ཇེ་མགྱོགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།