ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་གཉིས་མཉམ་དུ་ཀྲུང་གོ་དང་འཇར་མན་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས།
2019.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་གཉིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་ཞུགས་འཐུས་མི་རྣམས་དང་བརྗེ་རེས་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་དགུ་བའི་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་ཞུགས་འཐུས་མི་རྣམས་དང་བརྗེ་རེས་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཐེངས་འདིའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ཞུགས་ཚད་ཆེས་མང་བའི་བཞུགས་མོལ་ཚོགས་འདུ་ཞིག་ཡིན་ལ། དེས་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། དངོས་གཉེར་གྲུབ་འབྲས་རྒྱུན་མཐུད་ངང་བསྡུ་གསོག་བྱེད་བཞིན་པ་མཚོན། ཀྲུང་གོ་དང་འཇར་མན་སྲིད་གཞུང་གཉིས་ལ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་འདོད་བློ་ཡོད་པས། ཚང་མའི་བསམ་ཚུལ་དང་གྲོས་གཞི་ལ་ལྟ་སྟངས་ནན་མོ་འཛིན་པ་དང་། ཕན་ཚུན་ལ་བརྩི་མཐོང་བྱེད་པ་དང་འདྲ་མཉམ་དྲང་གཞག་གི་རྣམ་འགྱུར་བཟུང་ནས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་སྒོ་འབྱེད་རྒྱ་སྐྱེད་བཞིན་པའི་སྒང་ཡིན་ལ། བཟོ་སྐྲུན་ལས་རིགས་ཁྱོན་ཡོངས་ནས་གློད་པ་དང་། དངུལ་རྩ་དང་ཞབས་ཞུ་ལས་རིགས་ཀྱང་རྒྱུན་མཐུད་ངང་སྒོ་འབྱེད་བྱེད་ཀྱིན་ཡོད་ལ། འཇར་མན་གྱི་ཁེ་ལས་མང་པོར་ཁེ་ཕན་ཐོབ། འཇར་མན་གྱི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས། མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་བའི་ཚད་རྒྱ་སྐྱེད་པ་དང་། ལག་རྩལ་གསར་གཏོད་དང་གསར་དར་ལག་རྩལ་ཚད་གཞིའི་རྒྱལ་སྤྱི་རང་བཞིན་གྱི་མཉམ་ལས་སྤེལ་དགོས། ཀྲུང་གོས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་ན། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་རང་དབང་ཉོ་ཚོང་སྤེལ་བ། ཕན་ཚུན་སྒོ་འབྱེད་རྒྱ་སྐྱེད་དེ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཕན་ཚུན་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་མན་གཉིས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ན། ཕྱོགས་གཉིས་ལ་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ལ་ཡང་ཕན་པ་ཡོད། འཇར་མན་དང་ཀྲུང་གོ་གཉིས་ཁ་སྤྲོད་དུ་བསྐྱོད་པ་དང་། ཚོང་རར་འཇུག་ཆོག་པའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་འཇར་མན་དུ་སོང་ནས་དངུལ་གཏོང་ལས་དར་བྱེད་པའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་པ། ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཁྱབ་ཁོངས་ནས་བཀག་རྒྱ་ཇེ་ལྷོད་དུ་བཏང་སྟེ། ཀྲུང་གོ་དང་འཇར་མན་ཁེ་ལས་བར་གྱི་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཐད་ཆེ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།

མའོ་ཁི་ཨེར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པ་དང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་སྤེལ་བར་བསྟུན་ནས། འཇར་མན་གྱི་ཁེ་ལས་ཁ་ཤས་ཀྲུང་གོའི་གསར་དུ་གསར་སྤེལ་བྱས་པའི་ཁྱབ་ཁོངས་ཀྱིས་ཕྱི་ཕྱོགས་མཉམ་ལས་སྤེལ་བའི་དཔེ་མཚོན་དུ་གྱུར་ཡོད། འཇར་མན་དང་ཀྲུང་གོ་གཉིས་ཀྱིས་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་གསར་དར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བྱེད་པར་གྲོས་སྡུར་བྱེད་འདོད་ཡོད། འཇར་མན་གྱིས་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་ལ་དངུལ་གཏོང་བར་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། ཧུར་ཐག་གིས2020ལོར་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་རེས་མོས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་ཆོད་དོན་གྲོས་མོལ་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།