མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚལ་སླེ་བཟོ་སྐྲུན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚལ་སླེ་བཟོ་སྐྲུན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་དྲུག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཡོངས་ཀྱི་ཕག་གསོ་བའི་ཐོན་སྐྱེད་གཏན་འཇགས་སུ་གཏོང་བ་དང་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཕག་ཤའི་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་རིན་གོང་གཏན་འཇགས་སུ་གཏོང་བའི་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་ནས། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན། ལོ་སར་སོགས་དུས་ཆེན་གལ་ཆེན་སྐབས་སུ་ཕག་ཤ་མཁོ་འདོན་བྱེད་མི་ཐུབ་པའི་གནས་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས། ཕག་གསོ་ཁྱིམ་ཚང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕག་གསོ་བའི་ཐོན་སྐྱེད་ལས་རིགས་ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་དགོས། ཨ་ཧྥེ་རི་ཁའི་ཕག་ནད་ཚོད་འགོག་བྱེད་པར་ཤུགས་བསྣན་ནས། ཕག་གསོ་སྤེལ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ། ཚལ་སླེ་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚལ་སླེ་མཁོ་འདོན་རྒྱུན་མཐུད་ངང་གཏན་འཇགས་སུ་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། རྒྱལ་ཡོངས་ཀྱི་ཕག་ཐོན་སྐྱེད་གཏན་འཇགས་སུ་གཏོང་བ་དང་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། 2017ལོ་ནས2018ལོའི་ཞིང་ཆེན་ཡོངས་ཀྱི་ཚལ་སླེ་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། 2019ལོའི་ཚལ་སླེ་ཐད་ཀྱི་ཧྲི་ཀྲང་དང་ཁུལ་དཔོན་འགན་འཁྲི་དཔྱད་ཞིབ་བྱ་བར་བཀོད་སྒྲིག་བྱས།