2019ལོའི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

2019ལོའི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་ཚོགས། ཐེན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཅཱ་ཅུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་གཉིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞཱ་མིན་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན། པེ་ཅིན་བཟོ་ལས་སློབ་ཆེན། ཧི་པེ་ས་གཤིས་སློབ་ཆེན་བཅས་ཀྱི་འགོ་ཁྲིད་པས་རིམ་པ་བཞིན་གཏམ་བཤད་པ་མ་ཟད། སོ་སོར་མཚོ་སྔོན་མི་རིགས་སློབ་ཆེན་དང་རོགས་སྐྱོར་མཉམ་ལས་གྲོས་མཐུན་བཀོད།

ལིས་ཅཱ་ཅུན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བླངས་པའི་གྲུབ་འབྲས་དང་འགྱུར་ལྡོག་ལ་ཁས་ལེན་གང་ལེགས་བྱས། ཁོས་ཁ་གཏད་རོགས་སྐྱོར་བྱེད་སའི་སློབ་ཆེན་གྱི་ཚབ་བྱས་ནས། མུ་མཐུད་དུ་གསར་སྤེལ་གསར་གཏོད་དང་དངོས་གཉེར་མདུན་སྐྱོད་བྱེད་པ་དང་། སློབ་ཚན་གཙོ་བོའི་དངོས་ཤུགས་མཐོར་འདེགས་བྱེད་པར་དམིགས་ཏེ། ཚན་རིག་ཞིབ་འཇུག་ཞབས་ཞུའི་སྟེགས་བུ་གལ་ཆེན་འཛུགས་པ་དང་། ཕུལ་དུ་བྱུང་བའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་རུ་ཁག་འཛུགས་སྐྲུན་བྱེད་པ། ཁ་གཏད་རོགས་སྐྱོར་བྱེད་སའི་སློབ་ཆེན་སོ་སོས་མཉམ་དུ་འབད་འཐབ་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཉམ་དུ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་ཀྱི་ཡིད་ཚིམ་པའི་རྒྱུགས་ལེན་ཞིག་སྤྲོད་རྒྱུ་ཡིན་ཟེར།

ཀྲང་ལིས་ཀྱིས་རོགས་སྐྱོར་བྱེད་མཁན་གྱི་མཐོ་རིམ་སློབ་ཆེན་སོ་སོས་མཚོ་སྔོན་མི་རིགས་སློབ་ཆེན་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་མོས་བསྟན་དོན། ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་བྱ་བ་དང་ཞིང་ཆེན་ཁོངས་གཏོགས་སློབ་ཆེན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། མ་དངུལ་གཏོང་བ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་སོགས་ཕྱོགས་ནས་དམིགས་བསལ་སྲིད་ཇུས་དམིགས་བཀོལ་སྤྱོད་བྱས་ལ། རོགས་སྐྱོར་བྱེད་མཁན་སློབ་ཆེན་གྱིས་རོགས་རམ་ཆེན་པོ་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རོགས་སྐྱོར་རྐྱེན་སྲོལ་དང་སློབ་ཚན་འཛུགས་སྐྲུན། ཚན་རིག་ཞིབ་འཇུག་མཉམ་ལས། དགེ་རྒན་སྐྱེད་སྲིང་སོགས་ཕྱོགས་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཞན་ཆ་ཁ་གསབ་བྱེད་པ། རོགས་སྐྱོར་བྱེད་མཁན་སློབ་ཆེན་བར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁ་གཏད་རོགས་སྐྱོར་དེ་རིམ་པ་མཐོན་པོ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།