ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་ཚེས་ཉི་ཤུའི་ཉིན་ཨན་ཧོས་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་བཟོ་སྐྲུན་ལས་རིགས་དངོས་སུ་བསྒྱུར་བཅོས་གཏོང་བཞིན་པའི་སྐབས་ཡིན་ལ། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་པ་དང་ཕན་ཚུན་དཔེ་ལྟ་བྱེད་པ། སྐོར་ཐེངས་གསར་བའི་ཚན་རྩལ་དང་ཐོན་ལས་བཅོས་བསྒྱུར་གོ་སྐབས་མཉམ་དུ་དམ་འཛིན་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་སྐྲུན་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་བསྒྱུར་བཅོས་དང་ལས་ཆོད་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དེང་རབས་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་བ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་སྤྱོད་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།