ཞི་ཅིན་ཕིང་དང་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2019.10.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བཅུ་བའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་སྐབས་འདིར། བདག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་མཛད་དེ་ཁྱེད་དང་ཁྱེད་བརྒྱུད་ནས་ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་སྲིད་གཞུང་། ཁྲའོ་ཞན་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་བདུན་ཅུའི་སྔོན་ལ། ཀྲུང་གོ་དང་ཁྲའ་ཞན་བར་དངོས་སུ་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་སྟེང་དུ་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན། ཁྲའོ་ཞན་ནི་ཆེས་སྔ་མོར་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན། ལོ་བདུན་ཅུའི་རིང་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྔོན་རབས་འགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་གྱིས་རྒྱལ་སྤྱིའི་འགྱུར་ལྡོག་དང་དུས་རབས་ཀྱི་འཕོ་འགྱུར་ལ་ཉམས་སད་ཐེག་པ་དང་སྔར་ལས་འཕེལ་རྒྱས་བྱུང་ཞིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གོང་འཕེལ་དང་ཡར་ཐོན་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་པར་མ་ཟད་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རིན་ཐང་བྲལ་བའི་རྒྱུ་ནོར་ཡིན། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་སུ་གཏོང་རྒྱུ་ནི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། བདག་གིས་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨུ་ཡོན་ཀྲང་ལགས་ཀྱིས་བསྐུར་བའི་འཕྲིན་ཡིག་དང་ཕྱོགས་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ན་ནིང་གི་ཚུན་ལ། བདག་དང་ཨུ་ཡོན་ཀྲང་གཉིས་ཀྱིས་ཐུག་འཕྲད་ཐེངས་ལྔ་ལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཞུགས་པར་མཉམ་དུ་སྣེ་ཁྲིད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་ཡུན་རིང་བརྟན་འཇགས་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཅིན་ཀྲིན་ཨུན་གྱིས་གློག་འཕྲིན་ནང་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་སྐབས་འདིར། བདག་གིས་ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཁྲའོ་ཞན་མི་དམངས་ཀྱི་ཚབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་སྤྱི་ཁྱབ་ཧྲུའུ་ཅི་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་། ཀྲུང་གོ་མི་དམངས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་རྣམ་དག་སྒོས་སྨོན་འདུན་ཞུས་པ་ཡིན་ཟེར།

ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན། ལོ་བདུན་ཅུའི་རིང་ལ། ཁྲའོ་ཞན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ལས་དོན་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ནམ་ཡང་སྐྱིད་སྡུག་མཉམ་མྱོང་བྱས། དེང་སྐབས། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་དེ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ་དང་སྔ་མཐུད་ཕྱི་སྐྱོང་གི་གནད་འགག་དུས་སྐབས་སུ་སྐྱོད་བཞིན་ཡོད། བློ་ཐག་རྦད་ཆོད་སྒོས་ཁྲའོ་ཞན་དང་ཀྲུང་གོ་བར་དུ་མཛའ་མཐུན་ལྡན་པའི་ཕུལ་བྱུང་སྲོལ་རྒྱུན་དེ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཁྱོན་ཡོངས་བསྐྱར་དར་མངོན་འགྱུར་བྱེད་པ་ནི་བདག་དང་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་ནམ་ཡང་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན། བདག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ལག་རྡང་དམ་དུ་སྦྲེལ་ཏེ། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་རེ་འདུན་ལྟར། ཀུན་གྱིས་ཡིད་སྨོན་བྱེད་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མཛའ་མཐུན་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རྦད་ཆོད་སྒོས་སྤྱི་ཚོགས་རིང་ལུགས་ལས་དོན་སྲུང་སྐྱོབ་བྱེད་པ་དང་ཁྲའོ་ཞན་ཕྱེད་གླིང་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།