ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་སློབ་གསོའི་ཁྱབ་ཁོངས་ཀྱི་སྤྱོད་ཁང་གསར་བརྗེའི་བྱ་བ་དང་དམངས་སྒྲུབ་སློབ་གསོའི་ལས་དོན། མཐོ་རིམ་ལས་རིགས་རྒྱ་བསྐྱེད་གཏོང་བ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན།
གྲོས་ཚོགས་ལས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟུད་མུར་བཏོན་པའི་སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་འབྲིང་དཀྱུས་མའི་སློབ་གསོ་བཅས་ཀྱི་ཡིག་ཆ་གལ་ཆེན་དགོངས་དོན་དངོས་འབེབས་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་འགན་སྒྲུབ་ཚུལ་གསལ་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། བྱ་བ་བརྗེ་རེས་བྱེད་པར་ཤུགས་སྣོན་དང་འགན་འཁུར་དངོས་འབེབས་བྱེད་པར་སྐུལ་འདེད། བྱ་བའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། སློབ་གསོ་འཕེལ་རྒྱས་གཏོང་བར་མཉམ་ཤུགས་གྲུབ་པར་བྱས་ཏེ། མི་དམངས་ཀྱི་འདོད་བློ་ཚིམས་པའི་སློབ་གསོ་ལེགས་པོར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཁང་གསར་བརྗེའི་མཛུབ་སྟོན་དགོངས་པ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། སློབ་གསོའི་ཁོངས་གཏོགས་དང་འབྲེལ་བ་ཡོད་པའི་སློབ་གྲྭའི་ལག་ལེན་འཆར་འགོད་དང་མཚོ་སྔོན་གྱི་ལོ་གསུམ་གྱི་ལག་ལེན་འཆར་གཞིར་བསམ་ཞིབ་ནན་མོ་བྱས་ཏེ། ལག་ལེན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་དུས་གཏན་དུ་ལས་དོན་དམ་པོར་བཟུང་ནས་ལྷོད་གཡེང་བག་ཙམ་ཡང་མི་གཏོང་བ། རྒྱུན་མཐུད་ངང་ལེགས་བཅོས་འཐུས་ཚང་ཡོང་བར་བྱེད་པ་བཅས་ལ་འབད་དེ། མཚོ་སྔོན་གྱི་སློབ་གསོའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བར་འགན་སྲུང་བྱེད་དགོས་ཟེར།