ཞི་ཅིན་ཕིང་གིས་བལ་བོའི་ཙུང་ཐུང་པན་ཏ་ལིས་ལ་མཇལ་འཕྲད་གནང་།
2019.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1796

ས་དེའི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུ་ཙུང་ཐུང་བཞུགས་ཤག་ནས་བལ་བོའི་ཙུང་ཐུང་པན་ཏ་ལིས་ལ་མཇལ་འཕྲད་གནང་། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། ཀ་ཏ་མན་རྡུ་ཙུང་ཐུང་བཞུགས་ཤག་ནས་བལ་བོའི་ཙུང་ཐུང་པན་ཏ་ལིས་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཕྱོགས་གཉིས་ཀྱིས་དཀའ་ངལ་མཉམ་སེལ་དང་མཉམ་ལས་གཉིས་རྒྱལ་བྱེད་པའི་བསམ་བློར་གཞིགས་ནས། ཀྲུང་གོ་དང་བལ་བོའི་འཕེལ་རྒྱས་དང་སྟོབས་འབྱོར་ལ་ཁ་གཏད་པའི་མི་རབས་བར་གྱི་མཛའ་བརྩེའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དྲིལ་སྒྲོག་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་བཞི་བར་པེ་ཅིན་ནས། ཁྱེད་ཀྱིས་བལ་བོར་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། དེ་རིང་ང་དངོས་སུ་འཚམས་འདྲིར་ཕེབས་པ་ཡིན། ཙུང་ཐུང་ལྕམ་མོས་བཤད་པ་ལྟར། ཀྲུང་གོ་དང་བལ་བོའི་བར་དུ་མཉམ་ལས་དང་མཛའ་བརྩེ་མ་གཏོགས་འགལ་རྩོལ་མེད། གནམ་གྲུ་དང་ལམ་བར་གྱི་དགའ་བསུ་བྱེད་པའི་མང་ཚོགས་ཀྱི་ངོ་གདོང་ནས། ངས་བལ་བོ་མི་དམངས་ཀྱི་ལྷག་བསམ་མཐོང་བྱུང་ལ། ཁོ་ཚོས་ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་སེམས་མྱོང་ཚོར་བྱེད་ཐུབ་པ་བྱུང་། ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡིད་སེམས་གཅིག་ཏུ་འདྲེས་ཤིང་བདེ་སྡུག་མཉམ་མྱོང་བྱེད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་བརྩེ་འགྲོ་འོང་བྱེད་པའི་མིག་དཔེ་ཡང་ཡིན། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུང་གོ་དང་བལ་བོའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་བ་དང་མཐུན་པར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ་པར་ངས་རེ་བ་ཆེན་པོ་བཅངས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་བལ་བོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་རྒྱུ་དེ་ཀྲུང་གོ་དང་བལ་བོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཡུན་རིང་གི་དམིགས་འབེན་དུ་བརྩི་དགོས། བལ་བོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། དུས་ཡུན་རིང་བོར་ཀྲུང་གོར་རྒྱབ་སྐྱོར་བརྟན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོས་སྔར་བཞིན་དུ་བལ་བོས་རྒྱལ་ཁབ་རང་ཚུགས་དང་བདག་དབང་། ཁྱབ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ནས། བལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རང་ཉིད་ཅི་ཐུབ་ཀྱི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ཀྱི་མཉམ་ལས་རྣམ་པ་གྲུབ་པར་བྱེད་པ་དང་། ཧི་མ་ལ་ཡ་བརྒལ་བའི་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་རྒྱ་འཛུགས་སྐྲུན་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་སྐྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་སྔོན་ཏག་ཏག་ལ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་ཡིན། ལོ་ངོ་བདུན་ཅུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱུད་རིམ་ཁྲོད་ཀྱི་ལོ་ངོ་བདུན་ཅུ་ཡིན་ལ། དེ་ནི་སྤྱིར་བཏང་མིན་ལ་དགའ་སྐྱོ་འདྲེས་མའི་ལམ་བུ་ཞིག་ཡིན། ང་ཚོས་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་དེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གཏན་འཇགས་དང་སྒོ་འབྱེད། སྟོབས་འབྱོར་ལྡན་པའི་ཀྲུང་གོ་ནི་ནམ་ཡང་བལ་བོ་དང་འཛམ་གླིང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་ཡིན་ཟེར།

པན་ཏ་ལིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བལ་བོར་འཚམས་འདྲི་མཛད་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་དང་། བལ་བོས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱེད་རྒྱུ་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་ཁོ་ཐག་ཡིན། དེས་བལ་བོ་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་ཞི་བདེ་དང་འཕེལ་རྒྱས།  སྟོབས་འབྱོར་ལྡན་པར་བྱེད་ངེས་པ་ཁོ་ཐག་ཡིན་ཟེར། 

ཏིང་ཞུའེ་ཞང་དང་དབྱང་ཅི་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་མཇལ་འཕྲད་ལ་ཞུགས།