ཞིང་ཆེན་ཡོངས་ཀྱིས་སྟོན་དུས་བཟོ་ལས་དཔལ་འབྱོར་འཁོར་བསྐྱོད་དང་དངུལ་གཏོང་། རྒྱལ་ཁབ་ཐོན་ཁུངས་ཀྱི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་རྣམ་པའི་དབྱེ་ཞིབ་གྲོས་ཚོགས་བསྡུས།
2019.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོན་དུས་བཟོ་ལས་དཔལ་འབྱོར་འཁོར་བསྐྱོད་དང་དངུལ་གཏོང་། རྒྱལ་ཁབ་ཐོན་ཁུངས་ཀྱི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་རྣམ་པའི་དབྱེ་ཞིབ་གྲོས་ཚོགས་བསྡུས།

ཝང་ལིས་མེན་གྱིས་ད་ལོ་ནས་བཟུང་ཞིང་ཆེན་བཟོ་ལས་མ་ལག་གི་གནོན་ཤུགས་ལྕི་བ་དང་དཀའ་ངལ་མདུན་སྐྱོད་བྱེད་པའི་ཧུར་ཐག་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མིག་སྔའི་སྤྱི་ཁོག་དཔལ་འབྱོར་གྱི་འཕེལ་ཕྱོགས་སྔར་བཞིན་བཟང་རྒྱུ་མེད་པ་དང་། ཕྱོགས་ཡོངས་ནས་འགན་འཁུར་གྱི་དམིགས་འབེན་འགྲུབ་པར་བྱེད་པའི་དུས་ཚོད་ཐུང་བ་དང་འགན་འཁུར་ལྕི་བ། གནོན་ཤུགས་ཆེ་བ་སོགས་ལ་ཁ་གཏད་ནས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཁག་དག་གིས་ལོ་ཧྲིལ་བོའི་འགན་འཁུར་གྱི་དམིགས་ཚད་ལ་གཤིབ་སྡུར་བྱས་ནས། དམིགས་ཚད་ལྟར་སྦས་ཤུགས་སྔོག་འདོན་བྱེད་པ་དང་། གནད་དོན་གྱི་བྱེད་ཕྱོགས་ལག་བསྟར་བྱས་ནས། དུས་ཚིགས་བཞི་བོའི་བྱ་བ་སོ་སོ་ནན་ཏན་གྱིས་འགྲུབ་པར་བྱེད་དགོས་ཟེར།

ཁོས་ནན་གྱིས་བསྟན་དོན། བྱ་བའི་འགན་འཁུར་ལྟར་དངོས་འབེབ་བཟང་པོ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣོན་པ། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། ལས་རིགས་གཙོ་བོ་དམ་འཛིན་བྱས་ནས་བརྟན་འཇགས་ཁྲོད་འཕར་སྣོན་ཡོང་བ་དང་། འཁོར་ཚིགས་རེ་རེ་ནས་གཉོམ་ཞན་གྱི་ཆ་དེ་དམ་འཛིན་ལེགས་པོ་བྱེད་པ། ཕྱོགས་བསྡུས་ཀྱིས་དཀའ་གནད་ཐག་གིས་གཅོད་པ་སོགས་བྱས་ནས། ལས་གཞིའི་དངུལ་གཏོང་གི་སྒུལ་ཤུགས་འཕར་སྣོན་ཡོང་བར་བྱས་ཏེ། ལས་གཞིའི་འདེགས་སྐྱོར་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར་ཁེ་ལས་བཅོས་སྒྱུར་བྱ་བ་བཟང་པོར་སྤེལ་ནས། ཚོང་གཉེར་ཁོར་ཡུག་དམ་འཛིན་བྱེད་པ་དེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་ཀྱི་གོ་རིམ་རེ་རེ་ནས་བདེ་འཇགས་ཀྱི་བྱ་བ་དམ་འཛིན་གང་ལེགས་བྱ་དགོས་ཟེར།