ཞི་ཅིན་ཕིང་གིས་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་སྐབས་དྲུག་པ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་སྐབས་དྲུག་པ་ཀྲེ་ཅང་ཝུའུ་ཀྲིན་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་མཉམ་འབྲེལ་དྲ་རྒྱ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ལོ་ཡིན། དེང་སྐབས། སྐོར་ཐེངས་དང་པོའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་རིམ་བཞིན་འཕེལ་འགྱུར་བྱུང་བ་དང་། མིའི་བཟོས་རིག་ནུས་དང་གཞི་གྲངས་ཆེན་པོ། དངོས་འབྲེལ་དྲ་རྒྱ་སོགས་ལག་རྩལ་གསར་བ་དང་བཀོལ་སྤྱོད་གསར་བ། ལས་རྣམ་གསར་བ་བཅས་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་དྲ་རྒྱ་ལ་སྔར་ལས་སྟོབས་ཤུགས་ཆེ་བའི་འཕེལ་རྒྱས་སྒུལ་ནུས་དང་སྔར་ལས་ཡངས་པའི་འཕེལ་རྒྱས་བར་སྟོང་ལྡན། མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་སུ་གཏོང་བ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། བཅོས་སྐྱོང་ལེགས་པོ་བྱས་ཏེ། མཉམ་འབྲེལ་དྲ་རྒྱ་ཡིས་མིའི་རིགས་ལ་ཁེ་ཕན་མང་པོ་སྐྲུན་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རྒྱལ་ཁབ་སོ་སོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་སྤོབས་པ་ཆེན་པོས་འགན་འཁྲི་དང་ལེན་བྱེད་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་ཞིང་མཉམ་འབྲེལ་དྲ་རྒྱའི་བར་སྟོང་གི་འཛམ་གླིང་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་དྲ་རྒྱའི་བར་སྟོང་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།