ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2019.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་སཱ་མོ་ཡའི་རྒྱལ་ས་ཨ་ཕུས་ཡ་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་བདག་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཕ་ཕུ་ཡ་ཀུའི་ནེ་ཡ་ནས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུ་འཐད་པ་བྱུང་བ་དང་། དེ་ལས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བར་དུས་རིམ་གསར་བ་གསར་སྐྲུན་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་བསྡུས་པ་ནི་བདག་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཡིན་པས། ཕྱོགས་སོ་སོས་སྟེགས་བུ་གལ་ཆེན་དེ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་།  གྲོས་མོལ་དང་བརྗེ་རེས། མཉམ་ལས་བཅས་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་མཉམ་ལས་ཐད་ནས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།