ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པར་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད།
2019.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པར་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད།

གཟེངས་བསྟོད་བྱེད་པའི་བཀའ་ཁྱབ་ནང་བསྟན་དོན། ཀུན་གྱིས་ཡིད་འཇོག་བྱེད་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་སྟེང་ལུས་རྩལ་པ་དང་རྩལ་ཁྲིད་པ་ཚང་མས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་དཔོན་དམག་གི་འཐུས་ཚབ་ཡིན་པའི་ཆ་ནས་ཐེངས་འདིའི་འགྲན་བསྡུར་ཁྲོད་འགྲན་བསྡུར་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་གཉིས་བླངས་ཏེ། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བསྐྲུན། ཁྱོད་ཚོས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དེ་ལས་རང་རེའི་དམག་དཔུང་གི་ལུས་རྩལ་དཔུང་སྡེ་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་འཁྲུག་ལ་རྒྱལ་ཁ་ལེན་ཕོད་པ། སྤྱོད་ཚུལ་ལེགས་པའི་དཔུང་སྡེ་ཞིག་ཡིན་པ་མཚོན་པར་བྱས་ཤིང་། བཅོས་སྒྱུར་སྟོབས་ལྡན་དམག་དཔུང་གི་སྣང་བརྙན་གསར་བ་དང་འགྱུར་ལྡོག་གསར་བ། སྤྱོད་ཚུལ་གསར་བ་མངོན་པར་བྱས་ནས། རྒྱལ་གཅེས་སྤྲོ་སེམས་སྐུལ་བ་དང་སྟོབས་ལྡན་ནུས་ཤུགས་གཅིག་སྡུད་བྱས་པར་མ་ཟད། ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་།