ཏུའུ་ཅེ་ཡིས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས།
2019.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་ཁྲིད་དེ་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ལ་སོང་ནས་གནམ་གཤིས་བརྟག་དཔྱད་ཀྱིས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས། ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགན་འཁུར་བློ་མཐུན་གྱིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཞིང་ཆེན་གནམ་གཤིས་ཁང་དང་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་སོགས་ལས་ཁུངས་ལ་ལྟ་ཞིབ་བྱས་པར་མ་ཟད་གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་བཞུགས་མོལ་བྱས།

ཏུའུ་ཅེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་འགོ་ཁྲིད་འོག རང་ཞིང་གི་གནམ་གཤིས་ལས་དོན་གོང་འཕེལ་ཆེན་པོ་བྱུང་བ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག གནམ་གཤིས་བྱ་བ་དེ་རྒྱལ་ཇུས་དམངས་ཚིས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད་པ་དང་དེས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དུ་ནུས་པ་ཆེན་པོ་བཏོན། དེ་བས་གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་རྒུད་སྐྱོབ་དང་སྤྱི་ཐུན་ཞབས་ཕྱིའི་ནུས་པ་དང་སྐྱེ་ཁམས་འགན་སྲུང་ཞབས་ཕྱིའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱུན་མཐུད་སྒོས་གནམ་གཤིས་བརྟག་དཔྱད་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། དོན་དངོས་ལ་རྐང་བཙུགས་ཏེ་ཧུར་ཐག་སྒོས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ། དེ་མིན་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། ཏང་གི་འཛུགས་སྐྲུན་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་འཛུགས་སྐྲུན་གྱིས་གནམ་གཤིས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་ཚན་རྩལ་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་ནས་གནམ་གཤིས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།