ཝང་ཆི་ཧྲན་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་མ་པུའུ་ཀྲ་དང་གྲོས་མོལ་མཛད།
2019.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་མ་པུའུ་ཀྲ་དང་གྲོས་མོལ་མཛད་པར་མ་ཟད་མཉམ་དུ་འགོ་འཛིན་མཛད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པར་མ་ཟད་འཐབ་ཇུས་ཀྱི་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དོན་སྙིང་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་འཐབ་ཇུས་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཚད་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལ་མ་ཧྥུའུ་ས་རྣམ་གཉིས་ཀྱིས་ཕན་ཚུན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲས་སུ་བསྐྱོད་ཡོད་ཟེར།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་འགུལ་སྐྱོད་ཆེན་པོ་བརྒྱད་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་དང་དེ་མིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱེད་པར་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་འདོད་ཡོད་ཟེར།

མ་པུའུ་ཀྲ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྨོན་འདུན་བཟང་བོ་ཞུས། ཁོས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་དང་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་མཐུན་པའི་རྣམ་པའི་ཐད་ནས་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་ངེས་ཡིན་ཟེར།