བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་ནི་གུང་ཁྲན་ཏང་མིའི་ངེས་སྦྱོང་བསླབ་གཞི་ཡིན་ཞེས་པ་སྤེལ།
2019.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཚེས་བཅུ་དྲུག་ཉིན་འགྲེམ་སྤེལ་བྱས་པའི་བདེན་འཚོལ་དུས་དེབ་སྐབས་ཉེར་གཉིས་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ལྔ་པ་བསྡུ་སྐབས། གུང་ཁྲན་ཏང་གི་བསྒྲགས་གཏམ་དང་དེའི་དུས་རབས་ཀྱི་དོན་སྙིང་ཐད་ནས་གནང་བའི་གསུང་བཤད་གལ་ཆེན་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་ནི་གུང་ཁྲན་ཏང་མིའི་ངེས་སྦྱོང་བསླབ་གཞི་ཡིན་ཞེས་པ་དེ་སྤེལ།

རྩོམ་ཡིག་ནང་དུ་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་ནི་གུང་ཁྲན་ཏང་མིའི་ངེས་སྦྱོང་བསླབ་གཞི་ཡིན། ང་ཚོས་གུང་ཁྲན་ཏང་གི་བསྒྲགས་གཏམ་ལ་ཡང་བསྐྱར་སློབ་སྦྱོང་བྱེད་སྐབས། མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་སྟོབས་ཤུགས་ཚོར་བར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་དད་མོས་ཇེ་བརྟན་དུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་སྲིད་ཏང་གིས་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱེད་པའི་མགོ་ཁུངས་སྙེག་པ། ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་བཀོལ་ནས་དེང་རབས་ཀྲུང་གོའི་དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། གུང་ཁྲན་ཏང་གི་བསྒྲགས་གཏམ་ནང་འདུ་བའི་ཚན་རིག་གི་རྩ་དོན་དང་ཚན་རིག་གི་དགོངས་དོན་དེ་རླབས་ཆེ་བའི་འཐབ་རྩོད་དང་། རླབས་ཆེ་བའི་བཟོ་སྐྲུན། རླབས་ཆེ་བའི་ལས་དོན། རླབས་ཆེ་བའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པའི་ལག་ལེན་ཁྲོད་དུ་བཀོལ་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། གུང་ཁྲན་ཏང་གི་བསྒྲགས་གཏམ་གྱི་གཞུང་ལུགས་བྱས་རྗེས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། གུང་ཁྲན་ཏང་གི་བསྒྲགས་གཏམ་ནི་ཚན་རིག་གི་སྤྱི་ཚོགས་རིང་ལུགས་རྩ་དོན་ལ་ཐེངས་དང་པོར་འགྲེལ་བཤད་ཆ་ཚང་བྱས་པའི་རླབས་ཆེ་བའི་བརྩམས་ཆོས་ཡིན་ལ། དེས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་གཤིས་ཀ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ལངས་ཕྱོགས། མར་ཁེ་སི་རིང་ལུགས་སྲིད་ཏང་གི་བླ་མེད་ཕུགས་བསམ། མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་རྩ་འཛིན། མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་དགོངས་དོན་བཅས་ལ་འགྲེལ་བཤད་ཟབ་མོ་བྱས་ཡོད་ཟེར།

རྩོམ་ཡིག་ནང་དུ་བསྟན་དོན། གུང་ཁྲན་ཏང་གི་བསྒྲགས་གཏམ་གྱིས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་ཐེབས་པའི་ཤན་ཤུགས་ཟབ་མོར་གོ་བ་ཟབ་མོ་ལེན་དགོས། གུང་ཁྲན་ཏང་གི་བསྒྲགས་གཏམ་བྱུང་མ་ཐག་ནས་བཟུང་ལག་ལེན་གྱི་ཐད་དུ་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་བསྒྱུར་བཅོས་ཟབ་མོ་བྱས། ང་ཚོའི་ཏང་གིས་བཏོད་པའི་དམངས་གཙོ་རིང་ལུགས་གསར་བརྗེའི་བགྲོད་ལམ་དང་། སྤྱི་ཚོགས་རིང་ལུགས་གསར་བརྗེའི་བགྲོད་ལམ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བགྲོད་ལམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་་ལམ་བཅས་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དང་ཀྲུང་གོའི་དོན་དངོས་ཟུང་སྦྲེལ་བྱས་པའི་རླབས་ཆེན་གསར་གཏོད་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་གུང་ཁྲན་ཏང་གི་བསྒྲགས་གཏམ་གྱི་དགོངས་དོན་རྒྱུན་འཛིན་པ་རྣམ་དག་ཡིན་ཟེར།

རྩོམ་ཡིག་ནང་བསྟན་དོན། གུང་ཁྲན་ཏང་གི་བསྒྲགས་གཏམ་གྱི་ཚན་རིག་རྩ་དོན་དང་ཚན་རིག་དགོངས་དོན་རྒྱུན་འཁྱོངས་བྱེད་དགོས། གཅིག གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས། གཉིས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་ནན་མོ་བྱེད་དགོས། གསུམ། འཛམ་གླིང་གི་འཕེལ་ཕྱོགས་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་འཛུགས་པར་སྐུལ་འདེད་གཏོང་དགོས། བཞི། དུས་རབས་གསར་བའི་བླང་བྱ་གསར་བ་ལྟར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལྔ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རྣམ་པ་གསར་པ་རྒྱུན་མ་ཆད་པར་བཏོད་དགོས། དྲུག མར་ཁེ་སི་རིང་ལུགས་ཀྱི་བརྩམས་ཆོས་ལེགས་གྲས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་ཟེར།