ཧན་ཀྲིན་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྦུགས་ལམ་སྡེ་ཚོགས་ཚན་ཡོད་ཀུང་ཟི་འཛུགས་པའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2019.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྦུགས་ལམ་སྡེ་ཚོགས་ཚན་ཡོད་ཀུང་ཟི་འཛུགས་པའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྦུགས་ལམ་ཀུང་ཟི་བཙུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་ལག་བསྟར་དང་དངོས་འབེབས་བྱེད་པའི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་ཡིན་པ་དང་། རྡོ་སྣུམ་རང་བྱུང་སོལ་རླངས་སྒྲིག་སྲོལ་བཅོས་སྒྱུར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྡོ་སྣུམ་དང་སོལ་རླངས་ཐོན་ཁུངས་སྒྲིག་སྦྱོར་ཕན་ནུས་མཐོར་འདེགས་སུ་གཏོང་བ་དང་རྡོ་སྣུམ་དང་སོལ་རླངས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་བཅོས་སྒྱུར་གྱི་གོ་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ལ་ཡིད་འཇོག་ཆེན་པོ་བྱེད་པ་དང་། གཅིག་འགྱུར་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་ཞིང་གཞོགས་འདེགས་དམ་པོ་བྱེད་པ་དང་། སེམས་ཤུགས་གཅིག་བསྡུས་སྒོས་རྡོ་སྣུམ་དང་སོལ་རླངས་སྦུགས་ལམ་བཀོལ་སྤྱོད་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། འབྲེལ་ཡོད་རྡོ་སྣུམ་དང་སོལ་རླངས་ཁེ་ལས་དང་སྦུགས་ལམ་ཀུང་ཟིས་རྡོ་སྣུམ་དང་སོལ་རླངས་ཐོན་སྐྱེད་ཐོན་སྐྱེད་དང་སྐྱེལ་འདྲེན། ཕྱིར་འཚོང་། གསོག་འཇོག་སོགས་ཀྱི་མཐུན་སྦྱོར་བཀོལ་སྤྱོད་རྐྱེན་སྲོལ་བཙུགས་ཏེ། བཅོས་སྒྱུར་དང་ཐོན་སྐྱེད་བཀོལ་སྤྱོད་བྱ་བ་དམ་འཛིན་བྱེད་དགོས། སྦུགས་ལམ་ཀུང་ཟིས་འགན་འཁྲི་གཙོ་བོ་གཏན་འཁེལ་བྱེད་པ་དང་རྡོ་སྣུམ་དང་སོལ་རླངས་སྐྱེལ་འདྲེན་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས་ལ། སྒོ་འབྱེད་མངོན་གསལ་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་སྒོས་སྐྱེལ་འདྲེན་བདག་གཉེར་དམ་ཞིང་ཞབས་ཕྱི་འཐུས་ཚང་ཡིན་པའི་སྦུགས་ལམ་སྟེགས་བུ་གསར་སྐྲུན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་པའི་འཚོ་བའི་དགོས་མཁོར་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་ཟེར།

ཝང་ཡུང་དང་ཧི་ལིས་ཧྥིན་གཉིས་ཀ་ཀུང་ཟི་འཛུགས་པའི་ཚོགས་ཆེན་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་སོགས་ཚོགས་ཆེན་ལ་ཞུགས།