མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་ཙུའུ་གྲོས་ཚོགས་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།
2019.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་ཙུའུ་གྲོས་ཚོགས་དང2019ལོའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གདན་ཞུ་བྱས་པ་ལྟར་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཕྱོགས་སྟོན་གྲོས་ཞིབ་དང་བཟོ་བཅོས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བ་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། 2020ལོའི་བྱ་བའི་བསམ་ཕྱོགས་ཐད་ནས་གྲོས་སྡུར་དང་གཏན་ཁེལ་བྱས།

མཱ་ཧའེ་དབྱིན་གྱིས་བསྟན་དོན། སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། བྱ་བའི་གྲུབ་འབྲས་བཟང་བོ་བླངས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། རྟོག་ཞིབ་སྤུས་ཚད་མཐོར་འདེགས་གཏོང་བ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ཁྱད་ཆོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཚན་རིག་ལྟར་ཁྲིམས་འཛུགས་པ་དང་དམངས་གཙོ་ཁྲིམས་འཛུགས་ཐད་ནས་གྲུབ་འབྲས་གསར་བ་བླངས། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྤུས་འདེགས་ནུས་སྤེལ་བྱེད་པའི་སྟེང་གྲུབ་འབྲས་གསར་བ་བླངས་ཏེ། སྤུས་ཚད་མཐོན་པོས་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཟེར།

གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཱ་ཧའེ་དབྱིན་གྱིས་ནན་གྱིས་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་སྟེང་ཤུགས་འདོན་དགོས། གྲོས་མོལ་སྲིད་གླེང་བྱེད་སྟངས་ལ་གསར་གཏོད་བྱས་ནས། ཁྱོན་ཡོངས་ནས་སྤུས་འདེགས་ནུས་སྤེལ་བྱེད་པའི་སྟེང་ཤུགས་འདོན་དགོས། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། འགན་སྒྲུབ་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཤུགས་འདོན་དགོས། ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་གིས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་སྟེང་ཤུགས་འདོན་དགོས་ཟེར།