རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐག་གཅོད་བྱེད་པའི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་བསྡུས། 
2020.01.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐག་གཅོད་བྱེད་པའི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་དེ་ཚེས་ཉི་ཤུ་ཉིན་དང་ཚེས་ཉེར་གསུམ་ཉིན། ཚེས་ཉེར་བཞིའི་ཉིན་བསྟུད་མར་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་པར་མ་ཟད། རིམས་ནད་འགོག་བཅོས་བྱེད་པའི་བྱ་བ་སྣ་ཚོགས་བཀོད་སྒྲིག་དངོས་འབེབས་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་མཐོང་ཆེན་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་བོར་རིམས་ནད་འགོག་བཅོས་ཚོད་འཛིན་དང་ནད་པའི་གསོ་བཅོས་སོགས་ཀྱི་ཐད་མཛུབ་སྟོན་གལ་ཆེན་གནང་། ཙུང་ལི་ལིས་ཁི་ཆང་གིས་ཐེངས་མང་བོར་རེ་བ་གསལ་བོ་བཏོན། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་ལ་ཚད་མཐོན་པོས་འགན་ཁུར་བའི་ཁག་ཁུར་དང་དམངས་ལ་བཅངས་པའི་བརྩེ་སེམས་མངོན་པར་མཚོན་ཡོད། ང་ཚོས་ཟོལ་མེད་ཀྱིས་དམ་འཛིན་དང་ལག་ལེན་དངོས་འབེབ་བྱས་ཏེ། རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གྱི་མཐར་མཇུག་གི་རྒྱལ་ཁ་ལེན་དགོས་ཟེར། 

གྲོས་ཚོགས་ནས་བསྟན་དོན། མིག་སྔར་རིམས་ནད་འགོ་བར་ཚོད་འཛིན་བྱེད་ཐུབ་མེད་པ་དང་རྒྱ་ཡན་དུ་འགྲོ་བའི་རྣམ་པ་མངོན་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་འདུ་ཤེས་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་གཟབ་ནན་དང་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཤུགས་ཆེན་པོས་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པ་དང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ས་གནས་རང་གི་འགན་འཁྲི་དངོས་འབེབ་ནན་མོ་བྱེད་དགོས་པ་དང་། ནང་ཁུལ་ནས་ཕྱིར་འགོ་བར་སྔོན་འགོག་བྱེད་པ་དང་ཕྱི་ནས་ནང་དུ་འགོ་བར་སྔོན་འགོག་བྱེད་དགོས། ས་ཁུལ་གཞན་པས་ཀྱང་རིམས་ནད་ཀྱི་སྔོན་འགོག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

གྲོས་ཚོགས་ནས་དམིགས་སུ་བཀར་ནས་བསྟན་དོན། ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནི་ལུགས་རྙིང་གི་གནམ་སྟོང་ཡིན་པས། གསོ་བཅོས་འགོག་སྲུང་བྱ་བའི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་རྒྱ་ཆེའི་སྨན་བཅོས་མི་སྣ་དང་བློ་མཐུན་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་སྙིང་ཉེ་བའི་འཚམས་འདྲི་བྱེད་དགོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།