ཝང་ཅན་ཅུན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་རིམས་ནད་ཚོད་འཛིན་དང་འགོགབ་ཅོས་བྱ་བར་རྟོག་ཞིབ་བྱས།
2020.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་གཉིས་པའི་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པུའུ་ཀྲང་ཝང་ཅན་ཅུན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་ཞིང་གི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་རྟོག་ཞིབ་བྱས་པར་མ་ཟད། རིམས་ནད་འགོག་བཅོས་ཀྱི་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣ་དང་ཞིང་ཆེན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣར་འཚམས་འདྲི་བྱས།

ཝང་ཅན་ཅུན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ཚ་རྒྱས་ནད་པ་སྣེ་ལེན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། བརྙན་རིས་བརྒྱུད་དེ་ལོགས་བཀར་ནད་ཁུལ་གྱི་སྨན་བཅོས་མི་སྣར་ཁ་པར་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་བླ་མེད་གུས་འདུད་ཞུས། ཁོས་བཤད་རྒྱུར། སྨན་ཁང་ནི་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་ཆེས་མཐའ་མཇུག་གི་འགོག་ར་ཡིན་ལ། ཁྱེད་ཚོ་ནི་ཚེ་སྲོག་གིས་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་ཚེས་མཛེས་པའི་ཟློག་བསྐྱོད་པ་ཡིན། སྨན་པའི་ལས་རིགས་ཀྱི་སྙིང་སྟོབས་ནི་པའེ་ཆིག་ཨིན་གྱི་སྙིང་སྟོབས་ཡིན་ལ། ནད་གཡོག་པའི་ལས་རིགས་སྙིང་སྟོབས་ནི་ནན་ཏེན་གིར་གྱི་སྙིང་སྟོབས་ཡིན་པ་དང་། སྙིང་སྟོབས་དེ་གཉིས་ཟུང་འབྲེལ་བྱས་ན་སྨན་པའི་བྱམས་སེམས་ཡིན། ཁྱེད་ཚོས་འགུལ་སྐྱོད་དངོས་ལ་བརྟེན་ནས་ལས་རིགས་ཀྱི་ཀུན་སྤྱོད་བཟང་བོ་ལག་བསྟར་བྱས་པ་དང་། བརྩེ་སེམས་ཆེན་པོས་ཚེ་སྲོག་གི་མཆོད་བརྗོད་བྲིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་མི་དམངས་གཡུལ་འགྱེད་ཀྱི་སྤྱིའི་གཡུལ་འགྱེད་དང་འགོག་རྒོལ་གཡུལ་འགྱེད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་ཐུབ་པ་ཁོ་ཐག་ཡིན། ཝང་ཅན་ཅུན་གྱིས་ཁོ་ཚོས་རང་ཉིད་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུའི་མངག་བཅོལ་བྱས་པ་དང་། ཞིང་ཆེན་ཡོངས་དང་ལྷག་པར་དུ་རང་ཞིང་གི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས།

ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་སྨན་བཅོས་སྲོག་སྐྱོབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་བསྟན་དོན། འགན་འཁྲི་ཕྲག་ཏུ་ལེན་པ་དང་བྱེད་ཐབས་གནད་ལ་འཁེལ་བ་སྤྱོད་པ། འགོས་ནད་ཆེད་མཁས་སྨན་ཁང་གི་དགེ་མཚན་འདོན་སྤེལ་བྱེད་པ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་པ་སྨན་བཅོས་བྱེད་སར་གཏན་ཁེལ་བྱས་པའི་སྨན་ཁང་གི་འགན་འཁྲི་ཕྲག་ཏུ་ལེན་པ། ནད་པའི་སྨན་བཅོས་སྲོག་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས། སེམས་རྣལ་ལ་ཕབ་པའི་སྒོ་ནས་ཁ་གཏད་འཇལ་བ་དང་། སྨན་ཁང་གི་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་ཆེད་ལས་ཀྱི་ཆུ་ཚད་འདོན་སྤེལ་བྱེད་པ། སྨན་བཅོས་སྲོག་སྐྱོབ་ཆུ་ཚད་མཐོར་འདེགས་བཏང་སྟེ། ནད་པ་སྔར་ལས་མང་པོ་དྲག་སྐྱེད་བྱུང་དུ་འཇུག་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཕན་ཚུན་ལ་གཞོགས་འདེགས་བཟང་བོ་བྱེད་པ་དང་། སྔ་མོ་ནས་ནད་ངོས་འཛིན་པ་དང་སྔ་མོ་ནས་ལོགས་སུ་འགར་བ། གཅིག་བསྡུས་བཞི་བཅས་ཀྱི་རྨང་གཞིའི་སྟེང་། ཚན་རིག་ལ་བརྩི་མཐོང་བྱེད་པ་དང་། ཆོས་ཉིད་ལ་བརྩི་མཐོང་བྱེད་པ། ཆེད་མཁས་པར་བརྩི་མཐོང་བྱེད་པ། ནད་པར་བརྩི་མཐོང་བྱས་ནས། སྨན་པར་བྱམས་སེམས་ལྡན་པ་དང་ནད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། སྤྱི་སྡོམ་བྱེད་པ་དང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། སྨན་བཅོས་བརྒྱུད་དེ་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ནུས་པ་མཐོར་འདེགས་བཏང་སྟེ། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། མིག་སྔར་ལ་རྐང་འཛུགས་པ་དང་ཡུན་རིང་ལ་རྒྱང་ལྟ་བྱེད་པ། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་ནས། སྨན་བཅོས་མི་སྣར་བདེ་འཇགས་ཡིན་ལ་བློ་བདེ་བའི་སྨན་བཅོས་ཁོར་ཡུག་བསྐྲུན་དགོས་ཟེར།

དེའི་རྗེས། ཝང་ཅན་ཅུན་ཞིང་ཆེན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དུ་རྟོག་ཞིབ་བྱེད་པར་སོང་། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་བློ་འདོན་དང་སྲོག་ཤིང་ཡིན་པའི་ཆ་ནས། བཀོད་འདོམས་པུའུ་ནི་ཇུས་འདོན་སྡེ་ཁག་དང་གཞུང་སྒྲུབ་ཁང་ནི་དོན་གཉེར་སྡེ་ཁག་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྨན་བཅོས་མི་སྣར་ནད་མི་འགོ་བར་བྱེད་པ། ནད་པ་གཅིག་ཀྱང་འཆི་སྐྱོན་མི་འབྱུང་བའི་བྱ་བ་བཟང་བོར་བསྒྲུབ་པ། རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དང་འབྲེལ་བའི་བྱ་བ་བཟང་བོར་བསྒྲུབ་ནས། བཀོད་འདོམས་བཟང་བོ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་བཀོད་གཏོང་བྱེད་པ། ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགན་སྲུང་བྱེད་དགོས་ཟེར།

ཡུས་ཚོང་ལི་དང་མཱ་ཅི་ཞའོ། ཁོང་ཡུང་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།