ཝང་ཅན་ཅུན་དང་ལིག་ཉིང་གི་འཚམས་འདྲིའི་འཕྲིན་ཡིག་ལ་མཚོ་སྔོན་གྱི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་དང་ཁོ་ཚོའི་ཁྱིམ་མི། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་བཅས་ཀྱི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་མཚོ་སྔོན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་ལ་འཚམས་འདྲིའི་འཕྲིན་ཡིག་སྤྲིངས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། སྨན་བཅོས་མི་སྣ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པར་མ་ཟད། བླ་ན་མེད་པའི་གུས་འདུད་ཞུས་པ་རེད། འཚམས་འདྲིའི་ཡི་གེ་དེ་ལ་མཚོ་སྔོན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་དང་ཁོ་ཚོའི་ཁྱིམ་མི། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་བཅས་ཀྱི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་ནས། རོགས་སྐྱོར་སྨན་བཅོས་མི་སྣར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པ་བྱུང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ངེས་པར་དུ་སྔར་ལས་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེའི་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྥན་ཧའེ་ཉིང་གིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཧྲུའུ་ཅི་དང་ཧྲིན་ཀྲང་གི་བྱམས་བརྩེའི་བཀའ་མོལ་ལས་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་མཚོ་སྔོན་སྨན་བཅོས་རུ་ཁག་གི་ཁོངས་མི་ཚོར་ནང་མི་ལྟ་བུའི་དྲོད་ཁོལ་སྦྱིན་བྱུང་ཟེར། ཁོས་མུ་མཐུད་དུ་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཝུའུ་ཧན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་གྱི་གནས་ཤིག་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་ཡུལ་རེད། སྨན་བཅོས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོ་འགན་འཁྲི་ལས་གཡོལ་ཐབས་མེད། ཉིན་བཅུ་ལྷག་ཙམ་རིང་ཉིན་མཚན་མེད་པར་འབད་འཐབ་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ནས། ཝུའུ་ཧན་མི་དམངས་ཀྱི་བསྔགས་བརྗོད་ཐོབ་ཡོད། འོན་ཀྱང་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པས། ང་ཚོའི་ཕྲག་སྟེང་གི་ཁུར་པོ་སྔར་བཞིན་ཧ་ཅང་ལྕི། ང་ཚོས་ཧུའུ་པེ་ནས་མུ་མཐུད་དུ། “མཚོ་སྔོན་གསར་པའི་སྙིང་སྟོབས”དར་སྤེལ་བཏང་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྨན་པ་ཚོའི་ཐོག་མའི་བསམ་འདུན་མི་བརྗེད་པ། སྲོག་སྐྱོབ་རྨས་སྐྱོང་གི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། ཡང་འབད་བསྐྱར་འབད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་བྱེད་པ། དཀའ་ངལ་ལ་མི་སྐྲག་པ། ནུས་ཤུགས་ཡོད་རྒུ་འདོན་པ། ཡིད་ཆེས་བརྟན་པོ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕུལ་བྱུང་གི་རྒྱུགས་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱིས་ང་ཚོར་སྤྲད་པའི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།