ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
2020.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པའི་ཞོར་དུ། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་དེ་མིག་སྔའི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རིམས་ནད་འགོག་བཅོས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་གཉིས་དམ་འཛིན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

བསྟུད་མར་ཉིན་འགའི་རིང་ལ། ཝང་ལིས་མེན་སྔ་གཞུག་ཏུ་གཞི་ཁྱོན་ཡན་གྱི་ཁེ་ལས་བཅུ་བཞིའི་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་བདག་གཉེར། ཐོན་རྫས་ཉོ་འཚོང་། བདེ་འཇགས་ཐོན་སྐྱེད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཡུལ་དངོས་ནས་ཁེ་ལས་ཀྱི་དཀའ་ཁག་མཐུན་སྦྱོར་ཐག་གཅོད་བྱས་པའི་ཞོར་དུ། ཁེ་ལས་ཀྱིས་གཙོ་གཞི་འགན་འཁྲི་དང་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་པོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁྱོན་ཡོངས་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཕྱོགས་ནས་སྒྲུབ་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་མིག་སྔའི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་དམ་འཛིན་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁུལ་དང་རིམ་པ་བགར་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་རེ་བ་ལག་བསྟར་གནད་ལ་འཁེལ་བ་བྱེད་པ། བར་ཁྱད་ཅན་གྱི་རྫོང་ཁོངས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་པའི་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་གི་དགོས་མཁོ་ལས་བརྒལ་བའི་ལུགས་མཐུན་མིན་པའི་བཀག་སྡོམ་མེད་པར་བཟོ་བ། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད་ཀྱི་འགྲོ་ལུགས་སྟབས་བདེ་རུ་བསྒྱུར་བ། ཐོན་སྐྱེད་རྒྱུ་རྐྱེན་གྱི་འགན་སྲུང་བཟང་བོ་བྱེད་པར་མཐུན་སྦྱོར་བྱེད་པ། ལས་གཞི་ལག་བསྟར་བྱེད་པའི་སྔོན་གྱི་བྱ་བ་ཇེ་དྲག་ཏུ་གཏོང་བ། རྗེས་མཐུད་ཐོན་སྐྱེད་འཁོར་རྒྱུག་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད་མཐུན་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།